འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆབ་མདོ་གྲོང་ཁྱེར་གྱི“5.10ང་རང་སྤྱོད་པ་གཙང་མར་དགའ”ཞེས་པའི་སྤྱོད་གཙང་རིག་གནས་དྲིལ་བསྒྲགས་ཟླ་བ་སྐབས་གསུམ་པའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་བའི་ཚུན་དུ། རྫོང(ཆུས)ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་གྱི་སློབ་སྦྱོང་སློབ་གསོའི་ལས་དོན་བླང་བྱར་དམ་པོར་དམིགས་ཏེ། སྤྱོད་གཙང་རིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་སྲིད་དོན་ལས་རྗེས་ལྟ་བའི་བར་གྱི་ཧེ་བག་ཡོ་བཅོས་དང་། ཕྱི་ཚུལ་རིང་ལུགས་སེལ་བ། གཞི་རིམ་གྱི་བཅོས་སྐྱོང་བརྟན་དུ་གཏོང་བ་བཅས་ཕན་ཚུན་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། མངའ་ཁོངས་ཀྱི་དངོས་ཡོད་ལ་གཞི་ཚུགས་པ་དང་གཞི་རྟེན་གྱི་རྣམ་པ་གཏོད་པ་བཅས་བྱས་ཏེ། ཆེད་དོན་ཉེན་ཟོན་སློབ་གསོའི་ཚོགས་ཆེན་འཚོགས་པ་དང་། ཉེན་ཟོན་སློབ་གསོའི་རྟེན་གཞིར་ལྟ་སྐོར། ཉེན་ཟོན་གློག་བརྙན་གཟིགས་པ། སྤྱོད་གཙང་དྲིལ་བསྒྲགས་ཁྱབ་གདལ་གཏོང་བ། ཡང་བསྐྱར་ཏང་ཞུགས་དམ་བཅའ་འཇོག་པ་བཅས་ཀྱི་ལམ་ནས་སྤྱོད་གཙང་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་མགྱོགས་མྱུར་གྱིས་སྤེལ་ཡོད་པ་རེད།
ཟླ5པའི་ཚེས9ཉིན། སྨར་ཁམས་རྫོང་གིས“5.10ང་རང་སྤྱོད་པ་གཙང་མར་དགའ”ཞེས་པའི་སྤྱོད་གཙང་རིག་གནས་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་དང་ཉེན་ཟོན་སློབ་གསོའི་ཚོགས་ཆེན་འཚོགས་པ་དང་། རྫོང་ཨུད་ཀྱི་ཧྲུའུ་ཅི་ཝང་ཀྲེང་ཐའོ་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། ཚོགས་འདུའི་ཐོག་སྤྱོད་གཙང་རིག་གནས་འཛུགས་སྐྱོང་དང་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་ཆེད་དོན་སློབ་སྦྱོང་བྱས་པ་མ་ཟད་ཉེན་ཟོན་སློབ་གསོའི་གློག་བརྙན་ལ་བལྟས་ཡོད་པ་རེད།
ཟླ5པའི་ཚེས9ཉིན། ལྷོ་རོང་རྫོང་གིས་སྤྱོད་གཙང་རིག་གནས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་འགོ་ཚུགས་པ་དང་། རྫོང་ཨུད་ཀྱི་ཧྲུའུ་ཅི་ལའོ་ཁྲའོ་ཝུན་གྱིས་རྫོང་ཚན་ཁག་ཆེ་མོ་བཞིའི་ཁོངས་མི་དང་རྫོང་ཐད་གཏོགས་ཚན་པའི་འགན་འཁུར་བ་གཙོ་བོའི་སྣེ་ཁྲིད་དེ་སྤྱོད་གཙང་སློབ་གསོའི་རྟེན་གཞིར་གཟིགས་སྐོར་དང་སློབ་སྦྱོང་བྱེད་སྒོ་སྤེལ་ཡོད་པ་རེད།
ཟླ5པའི་ཚེས9ཉིན། འཇོ་མདའ་རྫོང་གིས“5.10ང་རང་སྤྱོད་པ་གཙང་མར་དགའ”ཞེས་པའི་སྤྱོད་གཙང་རིག་གནས་དྲིལ་བསྒྲགས་ཟླ་བ་དངོས་སུ་འགོ་ཚུགས་པ་དང་། རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་འཚོགས་པ་རེད།
ཟླ5པའི་ཚེས9ཉིན། དཔའ་ཤོད་རྫོང་གིས“5.10ང་རང་སྤྱོད་པ་གཙང་མར་དགའ”ཞེས་པའི་སྤྱོད་གཙང་རིག་གནས་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་དང་ཉེན་ཟོན་སློབ་གསོའི་ཚོགས་ཆེན་འཚོགས་པ་རེད།
ཟླ5པའི་ཚེས9ཉིན། སྟེང་ཆེན་རྫོང་གིས་སྤྱོད་གཙང་རིག་གནས་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་དང་ཉེན་ཟོན་སློབ་གསོའི་ཚོགས་ཆེན་འཚོགས་པ་རེད།