(ཚགས་པར་གོང་མར་མཐུད) དོན་ཚན་སོ་ལྔ་པ། གཏེར་ཁ་འདོན་དབང་ནང་བཤུག་གཏོང་བར་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་འཛོམས་དགོས་པ་སྟེ།
(གཅིག)གཏེར་ཁ་འདོན་དབང་རག་པའི་གཏེར་འདོན་ཁེ་ལས་ཀྱིས་ཁེ་ལས་ཟླ་སྒྲིལ་དང་། ཁ་གྱེས་ཟུར་འཛུགས། གཞན་དང་མ་རྩ་མཉམ་འཇོག་དང་མཉམ་ལས་གཉེར་སྐྱོང་བཅས་བྱས་པའི་རྐྱེན་དང་། ཡང་ན་ཁེ་ལས་ཀྱི་རྒྱུ་ནོར་འཚོང་བ་དང་དེ་བཞིན་ཁེ་ལས་ཀྱི་མ་དངུལ་བདག་དབང་བརྗེ་སྒྱུར་བྱེད་པའི་གནས་ཚུལ་གཞན་དག་གི་རྐྱེན་པས་གཏེར་ཁ་འདོན་དབང་གཙོ་བོ་བརྗེ་སྒྱུར་བྱེད་དགོས་བྱུང་བའི་རིགས་དང་།
(གཉིས)གཏེར་ཁ་འདོན་དབང་ཡོད་མཁན་གྱིས་གཏེར་འདོན་བྱས་ནས་ལོ་གཅིག་སོང་བ།
(གསུམ)གཏེར་ཁ་འདོན་དབང་ལ་རྩོད་གཞི་མེད་པ།
(བཞི)རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཐོན་ཁུངས་ཀྱི་དཔྱ་ཁྲལ་དང་། གཏེར་རྫས་ཐོན་ཁུངས་ཟད་གྲོན། གཏེར་ཁ་འདོན་དབང་བེད་སྤྱོད་གྲོན་དངུལ། གཏེར་ཁ་འདོན་དབང་གི་རིན་དངུལ་བཅས་འཇལ་ཟིན་པ།
(ལྔ)རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་གྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་བཅས་སོ།
གཞུང་ཁོངས་གཏེར་འདོན་ཁེ་ལས་ཀྱིས་གཏེར་ཁ་འདོན་དབང་ནང་བཤུག་གཏོང་རྒྱུའི་ཆོག་མཆན་མ་ཞུས་གོང་ངེས་པར་དུ་སྔོན་ལ་གཏེར་འདོན་ཁེ་ལས་གཙོ་འགན་སྡེ་ཚན་གྱི་མོས་མཐུན་ཐོབ་པ་བྱེད་དགོས།
དོན་ཚན་སོ་དྲུག་པ། གཏེར་ཁ་འཚོལ་དབང་དང་གཏེར་ཁ་འདོན་དབང་ཡོད་མཁན་གྱིས་གཏེར་ཁ་འཚོལ་དབང་དང་གཏེར་ཁ་འདོན་དབང་ནང་བཤུག་གཏོང་རྒྱུའི་རེ་འདུན་ཞུ་སྐབས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་ལ་གཤམ་གསལ་གྱི་དཔྱད་ཡིག་འབུལ་དགོས་པ་སྟེ།
(གཅིག)ནང་བཤུག་གཏོང་རྒྱུའི་ཞུ་ཡིག་དང་།
(གཉིས)ནང་བཤུག་གཏོང་མཁན་དང་ནང་བཤུག་གཏོང་ཡུལ་གཉིས་པོས་མིང་རྟགས་བཀོད་པའི་ནང་བཤུག་གཏོང་རྒྱུའི་གན་རྒྱ།
(གསུམ)ནང་བཤུག་གཏོང་ཡུལ་གྱི་མིའི་འོས་ཐོབ་ཆ་རྐྱེན་གྱི་དཔང་ཡིག
(བཞི)རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་གྱིས་འདོན་དགོས་ལུགས་ཀྱི་རེ་བ་བཏོན་པའི་འབྲེལ་ཡོད་ཀྱི་དཔྱད་ཡིག་གཞན་དག་བཅས་སོ།
གཞུང་ཁོངས་གཏེར་འདོན་ཁེ་ལས་ཀྱིས་གཏེར་ཁ་འདོན་དབང་ནང་བཤུག་གཏོང་སྐབས་ད་དུང་ངེས་པར་དུ་འབྲེལ་ཡོད་གཙོ་འགན་སྡེ་ཚན་གྱིས་ནང་བཤུག་གཏོང་རྒྱུ་མོས་མཐུན་བྱས་པའི་ཆོག་མཆན་ཡིག་ཆ་འབུལ་དགོས།
དོན་ཚན་སོ་བདུན་པ། ཞིབ་མཆན་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་གཏེར་ཁ་འཚོལ་དབང་དང་གཏེར་ཁ་འདོན་དབང་ནང་བཤུག་གཏོང་རྒྱུའི་ཞུ་ཡིག་འབྱོར་ཉིན་ནས་ཉིན་བཞི་བཅུའི་ནང་ཚུན་དུ་ནང་བཤུག་བཏང་ཆོག་མིན་གཏན་འཁེལ་བྱེད་དགོས་པ་མ་ཟད། ནང་བཤུག་གཏོང་མཁན་དང་ནང་བཤུག་གཏོང་ཡུལ་ལ་ཡིག་ཐོག་ནས་བརྡ་ཐོ་གཏོང་དགོས། ནང་བཤུག་བཏང་ཆོག་ན་ནང་བཤུག་གཏོང་རྒྱུའི་གན་རྒྱ་དེ་ཆོག་མཆན་ཐོབ་པའི་ཉིན་ནས་གོ་ཆོད། ནང་བཤུག་གཏོང་མཁན་དང་ནང་བཤུག་གཏོང་ཡུལ་གྱིས་ངེས་པར་དུ་ནང་བཤུག་གཏོང་རྒྱུའི་ཆོག་མཆན་ཐོབ་པའི་བརྡ་ཐོ་འབྱོར་བའི་ཉིན་ནས་ཉིན་དྲུག་ཅུའི་ནང་ཚུན་དུ་དེ་སྔའི་ཐོ་འགོད་དོ་དམ་ལས་ཁུངས་སུ་བརྗེ་སྒྱུར་གྱི་ཐོ་འགོད་འགྲོ་ལུགས་གཉེར་བར་སྐྱོད་དགོས།
རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་མ་དངུལ་བཏང་ནས་རྩད་ཞིབ་བྱས་ཏེ་བྱུང་བའི་གཏེར་ཁ་འཚོལ་དབང་དང་གཏེར་ཁ་འདོན་དབང་ནང་བཤུག་གཏོང་སྐབས་ངེས་པར་དུ་ཚོད་སྐོར་གྱི་འོས་བབ་ཡོད་པའི་ལས་ཁུངས་ཀྱིས་མ་རྩར་ཕྱོགས་ཡོངས་ནས་ཚོད་སྐོར་བྱེད་དགོས།
དོན་ཚན་སོ་བརྒྱད་པ། གཏེར་ཁ་འདོན་དབང་བོགས་མར་གཏོང་སྐབས་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་འཛོམས་དགོས་པ་སྟེ།
(གཅིག)གཏེར་འདོན་འཁྲོལ་འཛིན་གྱི་གོ་ཆོད་དུས་ཚོད་ནང་ཡིན་པ་དང་།
(གཉིས)གཏེར་ཁ་འདོན་དབང་ལ་རྩོད་གཞི་མེད་པའི་རིགས།
(གསུམ)གཏེར་ཁ་འདོན་དབང་ཡོད་མཁན་གྱིས་སྔོན་རྩིས་ཀྱི་གཏོང་སྒོའི་བརྒྱ་ཆ་བཞི་བཅུ་ཞེ་ལྔ་ཡན་བཏང་བ།
(བཞི)བོགས་མ་ལེན་མཁན་ལ་སྔོག་འདོན་བྱ་རྒྱུའི་གཏེར་རིགས་དང་གཏེར་རྫས་གསོག་འབོར་གྱི་གཞི་ཁྱོན་དང་འཚམ་པའི་མ་དངུལ་དང་། སྒྲིག་ཆས། ལག་རྩལ་ཆ་རྐྱེན་བཅས་ཡོད་དགོས་པ།
(ལྔ)རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་གྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་བཅས་སོ།
གཞུང་ཁོངས་གཏེར་འདོན་ཁེ་ལས་ཀྱིས་གཏེར་ཁ་འདོན་དབང་བོགས་མར་གཏོང་སྐབས་ད་དུང་ངེས་པར་དུ་གཙོ་འགན་སྡེ་ཚན་གྱིས་གཏེར་ཁ་འདོན་དབང་བོགས་མར་གཏོང་རྒྱུར་མོས་མཐུན་བྱས་པའི་ཆོག་མཆན་ཐོབ་པའི་ཡིག་ཆ་འབུལ་དགོས།
དོན་ཚན་སོ་དགུ་པ། གཏེར་ཁ་འདོན་དབང་བོགས་མར་གཏོང་སྐབས་ངེས་པར་དུ་བོགས་མ་གཏོང་ལེན་གྱི་གན་རྒྱ་འཇོག་དགོས། དོ་བདག་ཕྱོགས་གཉིས་ཀས་གན་རྒྱ་བཞག་པའི་ཉིན་ནས་ཉིན་སུམ་ཅུའི་ནང་ཚུན་དུ་བོགས་མ་གཏོང་ལེན་གྱི་གན་རྒྱ་འཁྱེར་ནས་དེ་སྔའི་ཐོ་འགོད་དོ་དམ་ལས་ཁུངས་ཀྱི་ཞིབ་མཆན་ཐོབ་པ་བྱ་རྒྱུ་དང་ཆབས་ཅིག རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་ལ་ཕུལ་ནས་ཆོག་མཆན་ཞུ་དགོས། བོགས་མ་བཏང་བའི་གན་རྒྱ་དེ་ཆོག་མཆན་ཐོབ་པའི་ཉིན་ནས་གོ་ཆོད།
གཏེར་ཁ་འདོན་དབང་བོགས་མར་གཏོང་བའི་གན་རྒྱར་ངེས་པར་དུ་དོ་བདག་ཕྱོགས་གཉིས་ཀའི་ཁེ་དབང་དང་འོས་འགན་གཏན་འབེབས་ཁ་གསལ་བཟོ་དགོས། དེའི་ནང་དོན་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་མཐུན་དགོས།
གཏེར་ཁ་འདོན་དབང་ཡོད་མཁན་གྱིས་གཏེར་ཁ་འདོན་དབང་དུས་གཅིག་ཏུ་བོགས་མར་ལེན་མི་གཉིས་ཡན་ལ་སྤྲོད་མི་ཆོག་པ་དང་། བོགས་མར་ལེན་མིས་ནང་བཤུག་གཏོང་མི་ཆོག
དོན་ཚན་བཞི་བཅུ་པ། གཏེར་ཁ་འདོན་དབང་གཏའ་མར་འཇོག་སྐབས་ངེས་པར་དུ་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲོལ་ཡིག་འདིའི་དོན་ཚན་སོ་ལྔ་པའི་ནང་གཏན་འབེབས་བྱས་པའི་ཆ་རྐྱེན་བཅས་དང་མཐུན་དགོས།
གཏེར་ཁ་འདོན་དབང་གཏའ་མར་འཇོག་སྐབས་ངེས་པར་དུ་གཏའ་མའི་གན་རྒྱ་འཇོག་དགོས། དོ་བདག་ཕྱོགས་གཉིས་ཀས་ངེས་པར་དུ་གཏའ་མར་བཞག་པའི་ཉིན་ནས་ཉིན་སུམ་ཅུའི་ནང་ཚུན་དུ་གཏེར་འདོན་འཁྲོལ་འཛིན་དང་གཏའ་འཇོག་གི་གན་རྒྱ་འཁྱེར་ནས་དེ་སྔའི་ཐོ་འགོད་དོ་དམ་ལས་ཁུངས་སུ་གཏའ་མར་བཞག་པའི་ཐོ་འགོད་བྱེད་པ་དང་ཆབས་ཅིག རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་ལ་སྙན་དཔོད་ཞུ་དགོས་པ་དང་། གཏའ་འཇོག་གན་རྒྱ་དེ་ཐོ་འགོད་བྱས་པའི་ཉིན་ནས་གོ་ཆོད།
གཏེར་ཁ་འདོན་དབང་གཏའ་མར་འཇོག་སྐབས་དེའི་གཏེར་ཁུལ་ཁྱབ་ཁོངས་ནང་གི་གཏེར་ཁ་སྔོག་འདོན་བྱ་རྒྱུའི་རྨང་གཞིའི་སྒྲིག་བཀོད་དེ་དང་ཆབས་ཅིག་གཏའ་མར་འཇོག་དགོས།
དོན་ཚན་ཞེ་གཅིག་པ། གཏེར་ཁ་འདོན་དབང་གཏའ་མར་བཞག་པའི་རྐྱེན་གྱིས་གཏེར་ཁ་འདོན་དབང་འགྱུར་བ་བྱུང་བའི་རིགས་ངེས་པར་དུ་གཏེར་ཁ་འདོན་དབང་ནང་བཤུག་གཏོང་རྒྱུའི་འབྲེལ་ཡོད་གཏན་འབེབས་བཞིན་ཆོག་མཆན་ཞུ་རྒྱུའི་འགྲོ་ལུགས་གཉེར་དགོས།
གཏའ་འཇོག་གན་རྒྱར་འགྱུར་བ་བྱུང་བ་དང་། མེད་པ་བཟོ་བའམ་ཡང་ན་མཚམས་འཇོག་བཅས་བྱེད་སྐབས་གཏའ་མ་འཇོག་མཁན་དང་གཏའ་མར་ལེན་མཁན་ཕྱོགས་གཉིས་ཀས་གན་རྒྱར་འགྱུར་བ་བྱུང་བ་དང་། མེད་པ་བཟོ་བའམ་ཡང་ན་མཚམས་འཇོག་བྱས་པའི་ཉིན་ནས་ཉིན་བཅུའི་ནང་ཚུན་དུ་གཏའ་འཇོག་ཐོ་འགོད་ལས་ཁུངས་ལ་ཡིག་ཐོག་ནས་སྙན་ཞུ་འབུལ་དགོས།
ལེའུ་ལྔ་པ། མཉམ་སྡེབ་གཏེར་འདོན་ཁེ་ལས་དང་ཁེར་རྐྱང་གཏེར་འདོན་པ།
དོན་ཚན་ཞེ་གཉིས་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མཉམ་སྡེབ་གཏེར་འདོན་ཁེ་ལས་དང་ཁེར་རྐྱང་གཏེར་འདོན་པར“རོགས་སྐྱོར་ཧུར་ཐག་དང་། འཆར་འགོད་ལུགས་མཐུན། ཁྲིད་སྟོན་ཡང་དག དོ་དམ་ལ་ཤུགས་སྣོན་བཅས་བྱེད་པའི་མཛད་ཕྱོགས་ལག་བསྟར་བྱས་ནས་མཉམ་སྡེབ་གཏེར་འདོན་ཁེ་ལས་དང་ཁེར་རྐྱང་གཏེར་འདོན་པར་རྒྱལ་ཁབ་ཀྱི་གཏན་འཁེལ་བྱས་པའི་ཁྱབ་ཁོངས་ནང་གཏེར་རྫས་ཐོན་ཁུངས་སྔོག་འདོན་བྱ་རྒྱུའི་སྐུལ་མ་གཏོང་དགོས།
གཏེར་རྫས་གསོག་འབོར་གྱི་གཞི་ཁྱོན་དེ་གཏེར་འདོན་ཁེ་ལས་ཀྱིས་སྔོག་འདོན་བྱ་རྒྱུ་དང་འཚམ་པའི་གཏེར་རྫས་ཐོན་ཁུངས་དང་། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སྲུང་སྐྱོབ་རང་བཞིན་གྱི་སྔོག་འདོན་བྱ་རྒྱུའི་དམིགས་བསལ་གཏེར་རིགས། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་མི་སྒེར་གྱིས་སྔོག་འདོན་བྱེད་མི་ཆོག་པའི་གཏེར་རྫས་ཐོན་ཁུངས་གཞན་དག་བཅས་མི་སྒེར་ནས་སྔོག་འདོན་བྱེད་མི་ཆོག
དོན་ཚན་ཞེ་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་དང་། ས་གཤིས་རྩད་ཞིབ་ཚན་པ། གཞུང་ཁོངས་གཏེར་འདོན་ཁེ་ལས་བཅས་ཀྱིས་ངེས་པར་དུ “རོགས་སྐྱོར་ཧུར་ཐག་དང་། རིན་དོད་གཉིས་ཕན”གྱི་རྩ་དོན་ལྟར་མཉམ་སྡེབ་གཏེར་འདོན་ཁེ་ལས་དང་ཁེར་རྐྱང་གཏེར་འདོན་པར་ས་གཤིས་གཏེར་རྫས་ཀྱི་དཔྱད་ཡིག་དང་གཏེར་ཁ་སྔོག་འདོན་བྱེད་པའི་ལག་རྩལ་ཇུས་འདྲི་མཁོ་འདོན་བྱེད་དགོས་པ་དང་། ཤང(གྲོང་རྡལ)དང་གྲོང་ཚོས་གཉེར་བའི་མཉམ་སྡེབ་གཏེར་འདོན་ཁེ་ལས་དང་། ཞིང་འབྲོག་མང་ཚོགས། དེ་བཞིན་ལས་བྲལ་ལག་ཁྱེར་ཡོད་པའི་ལས་བཟོ་པ་ཁེར་རྐྱང་གིས་གཏེར་ཁ་སྔོག་འདོན་བྱེད་སྐབས་ངེས་པར་དུ་ཞབས་འདེགས་ཞུ་དགོས།
དོན་ཚན་ཞེ་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ཞིང་འབྲོག་ཁུལ་གྱི་མཉམ་སྡེབ་གཏེར་འདོན་ཁེ་ལས་དང་ཁེར་རྐྱང་གཏེར་ཁ་འདོན་མཁན་ལ་ས་གནས་དེ་གའི་ཤང་གྲོང་མཉམ་སྡེབ་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་ཐེམ་དུད་ལ་ད་ལྟ་ལག་བསྟར་བྱེད་བཞིན་པའི་གཟིགས་སྐྱོང་སྲིད་ཇུས་ཚང་མ་ལག་བསྟར་བྱ་རྒྱུ།
ལྗོངས་ཕྱིའི་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་ཐེམ་དུད་ཀྱིས་ཞིང་འབྲོག་ཁུལ་གྱི་མཉམ་སྡེབ་གཏེར་འདོན་ཁེ་ལས་དང་ཁེར་རྐྱང་གཏེར་འདོན་པ་དང་རོགས་རེས་མཉམ་གཉེར་བྱེད་པའི་རིགས་ལ་ས་གནས་དེ་གའི་ཤང་གྲོང་མཉམ་སྡེབ་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་ཐེམ་དུད་ལ་ད་ལྟ་ལག་བསྟར་བྱེད་བཞིན་པའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུ།
དོན་ཚན་ཞེ་ལྔ་པ། གཏེར་རྫས་གསོག་འབོར་གྱི་གཞི་ཁྱོན་དེ་ས་གནས་ནས་སྔོག་འདོན་བྱ་རྒྱུ་དང་འཚམ་པའི་ཐར་ཐོར་ཆུང་ཙག་གི་ཐོན་ཁུངས་རྣམས་ངེས་པར་དུ་དེ་མཚུངས་ཀྱི་འོས་ཐོབ་ཆ་རྐྱེན་འཛོམས་པའི་ས་གནས་དེ་གའི་གཏེར་འདོན་ཁེ་ལས་དང་ཁེར་རྐྱང་གཏེར་འདོན་པར་སྔོན་ལ་སྔོག་འདོན་བྱེད་དུ་འཇུག་དགོས།
དོན་ཚན་ཞེ་དྲུག་པ། མཉམ་སྡེབ་གཏེར་འདོན་ཁེ་ལས་དང་ཁེར་རྐྱང་གཏེར་འདོན་པས་ངེས་པར་དུ་ལག་རྩལ་གྱི་ཆུ་ཚད་དང་གཏེར་རྫས་ཐོན་ཁུངས་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་དགོས། གཏེར་རྫས་ཐོན་ཁུངས་གང་བྱུང་དུ་སྔོག་འདོན་དང་གཏོར་བཤིག་གཏོང་བར་བཀག་འགོག་བྱེད་དགོས།
ལེའུ་དྲུག་པ། གཏེར་རྫས་ཐོན་ཁུངས་སྲུང་སྐྱོང་དང་དོ་དམ།
དོན་ཚན་ཞེ་བདུན་པ། གཏེར་རིགས་གཙོ་གྲས་སྔོག་འདོན་བྱེད་སྐབས་བཟོ་ལས་ཐད་རིན་ཐང་ཡོད་པའི་མཉམ་སྐྱེས་གཏེར་རྫས་དང་ཞོར་སྐྱེས་གཏེར་རྫས་རིགས་ལ་ངེས་པར་དུ་གཅིག་གྱུར་འཆར་འགོད་དང་། ཕྱོགས་བསྡུས་སྔོག་འདོན། ལུགས་མཐུན་བེད་སྤྱོད་བཅས་བྱེད་དགོས། དེ་མིན་གནས་སྐབས་རིང་ཕྱོགས་བསྡུས་བེད་སྤྱོད་བྱེད་མི་ཐུབ་པའི་རིགས་ལ་ངེས་པར་དུ་ནུས་ལྡན་གྱི་སྲུང་སྐྱོང་བྱ་ཐབས་སྤྱོད་དགོས།
དོན་ཚན་ཞེ་བརྒྱད་པ། གཏེར་རྫས་ཐོན་ཁུངས་སྔོག་འདོན་བྱེད་སྐབས་སྔོག་འདོན་གྱི་གོ་རིམ་དང་། གཏེར་ཁ་སྔོག་འདོན་བྱེད་ཐབས། གཏེར་འདེམས་བཟོ་རྩལ་བཅས་ངེས་པར་དུ་ལུགས་མཐུན་ཡོང་བ་བྱེད་དགོས། གཏེར་འདོན་ཁེ་ལས་ཀྱི་གཏེར་འདོན་ཚུར་བསྡུ་བྱེད་ཚད་དང་། གཏེར་ཁ་ཟད་ཚད། གཏེར་འདེམས་ཚུར་བསྡུ་བྱེད་ཚད་བཅས་ངེས་པར་དུ་འཆར་འགོད་ཀྱི་རེ་བ་དང་མཐུན་པ་བྱེད་དགོས། རིམ་ཁག་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་དུས་བཀག་ཐོག་དཔྱད་ཞིབ་བྱེད་དགོས།
དོན་ཚན་ཞེ་དགུ་པ། གཏེར་རྫས་ཐོན་ཁུངས་སྔོག་འདོན་བྱེད་སྐབས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུའི་ཐད་ངེས་པར་དུ“སུས་གསར་སྤེལ་བྱས་ན་དེས་སྲུང་སྐྱོང་དང་། སུས་སྦགས་བཙོག་བཟོས་ན་དེས་བཅོས་སྐྱོང་། སུས་གཏོར་སྐྱོན་བཏང་ན་དེས་སླར་གསོ་བཅས་བྱེད་དགོས་པའི”རྩ་དོན་མཐའ་འཁྱོངས་བྱེད་དགོས། གཏེར་ཁུལ་ཁོར་ཡུག་སྦགས་བཙོག་བཟོས་པ་དང་གཏོར་སྐྱོན་བཏང་བར་གཏེར་ཁ་སྔོག་འདོན་བྱེད་དབང་ཡོད་མིར་བཅོས་སྐྱོང་དང་སླར་གསོ་བྱེད་པའི་འགན་འཁྲི་ཡོད།
གཏེར་རྫས་ཐོན་ཁུངས་སྔོག་འདོན་བྱེད་སྐབས་ངེས་པར་དུ་སྔོག་འདོན་བྱེད་རིང་ཐོན་པའི་ཆུ་སྙིགས་དང་། རླངས་སྙིགས། སྙིགས་རོ། རྡོ་རོ། གཏེར་རོ་བཅས་གཙང་མ་བཟོ་དགོས་པ་ལས་གཙང་ཆུ་དང་། མཚེའུ། ཆུ་མཛོད། དེ་བཞིན་ཆེད་དམིགས་སྐྱུར་འཇོག་བྱེད་སའི་ཡུར་བུ་ཕུད་པ་བཅས་ནང་གཤོ་བ་དང་འབུད་གཏོང་བྱེད་མི་ཆོག བཙོག་དངོས་འབུད་གཏོང་བྱ་རྒྱུ་དེ་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་བྱས་པའི་བཙོག་སྐྱོན་འབུད་ཚད་ཀྱི་ཚད་གཞི་དང་འཚམ་པ་བྱེད་དགོས།
དོན་ཚན་ལྔ་བཅུ་པ། གཏེར་རྫས་ཐོན་ཁུངས་སྔོག་འདོན་བྱས་པའི་རྐྱེན་གྱིས་ས་གཤིས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པའམ་ཡང་ན་དེའི་རྐྱེན་གྱིས་ས་གཤིས་ཀྱི་གནོད་འཚེ་ཕོག་པའི་རིགས་ངེས་པར་དུ་འཕྲལ་མར་ས་གནས་དེ་གའི་ས་གཤིས་གཏེར་རྫས་གཙོ་འགན་སྡེ་ཚན་ལ་སྙན་སེང་ཞུ་དགོས་པ་དང་ཆབས་ཅིག དགོས་ངེས་ཀྱི་བྱ་ཐབས་སྤྱད་ནས་བསྐྱར་གསོ་དང་བཅོས་སྐྱོང་ཐུབ་པ་བྱས་ཏེ་གནོད་འཚེ་ཆེ་རུ་མི་འགྲོ་བ་བྱེད་དགོས།
དོན་ཚན་ང་གཅིག་པ། ས་ཞིང་དང་། རྩྭ་ཁ། ནགས་ས། ས་ཆུ་མི་ཤོར་བར་བྱེད་པའི་སྒྲིག་ཆས་བཅས་ལ་གཏེར་ཁ་སྔོག་འདོན་བྱས་པའི་རྐྱེན་གྱིས་གཏོར་སྐྱོན་ཕོག་ཚེ། གཏེར་འདོན་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་ས་ཞིང་བསྐྱར་སློག་བསྐྱར་སྦོལ་དང་ཤིང་འཛུགས་རྩྭ་འདེབས་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་བསྐྱར་གསོ་ཐུབ་པ་བྱེད་དགོས།
དོན་ཚན་ང་གཉིས་པ། གཏེར་ཁ་འདོན་དབང་ཡོད་མཁན་གྱིས་གཏེར་ཁ་སྔོག་འདོན་བྱེད་པའི་བརྒྱུད་རིམ་ནང་ངེས་པར་དུ་གཏེར་ཁུལ་གནས་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་ས་གཤིས་གཏེར་ཁ་གཙོ་འགན་དོ་དམ་སྡེ་ཚན་ལ་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱས་ཚུལ་གྱི་བསྡོམས་རྩིས་རེའུ་མིག་དང་དེ་བཞིན་འབྲེལ་ཡོད་ཀྱི་དཔྱད་ཡིག་གཞན་དག་འབུལ་དགོས།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ས་གཤིས་གཏེར་ཁའི་གཙོ་འགན་དོ་དམ་སྡེ་ཚན་གྱིས་ངེས་པར་དུ་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱས་ཚུལ་གྱི་འབྲེལ་ཡོད་བསྡོམས་རྩིས་རེའུ་མིག་རིམ་པ་བཞིན་གོང་འབུལ་ཞུ་དགོས།
དོན་ཚན་ང་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ས་གཤིས་གཏེར་རྫས་གཙོ་འགན་དོ་དམ་སྡེ་ཚན་དང་། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ངེས་པར་དུ་གཏེར་ཁ་འདྲེན་འཚོང་གི་ལྷུ་ཚིགས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
གཏེར་ཁ་ཉོ་སྒྲུབ་བྱེད་མཁན་ཚན་པའམ་གཏེར་ཁ་འདོན་མཁན་མི་སྒེར་ལ་ངེས་པར་དུ་གཏེར་ཁ་ཚོང་གཉེར་ལག་ཁྱེར་ཡོད་ཚེ། གཏེར་རིའི་ཁེ་ལས་ཀྱིས་གཞི་ནས་གཏེར་ཁ་བཙོངས་ཆོག
གཏེར་ཁ་འཚོང་མཁན་གྱི་གཏེར་རིའི་ཁེ་ལས་དང་གཏེར་ཁ་འདོན་མཁན་མི་སྒེར་ལ་ངེས་པར་དུ་གཏེར་འདོན་ལག་ཁྱེར་ཡོད་དགོས། གལ་སྲིད་གཏེར་འདོན་ལག་ཁྱེར་མེད་ཚེ་ཉོ་སྒྲུབ་ཚན་པ་དང་མི་སྒེར་གྱིས་གཏེར་ཁ་ཉོ་མི་ཆོག
རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་དམིགས་འཛུགས་ཚན་པས་གཅིག་གྱུར་ཉོ་སྒྲུབ་བྱ་རྒྱུའི་གཏེར་ཁའི་རིགས་ཡིན་ཚེ། ངེས་པར་དུ་དམིགས་འཛུགས་ཚན་པ་དེ་རང་ལ་འཚོང་དགོས་པ་ལས་ཚན་པ་དང་མི་སྒེར་གཞན་དག་སུས་ཀྱང་ཉོ་སྒྲུབ་བྱེད་མི་ཆོག་པ་དང་། གཏེར་རིའི་ཁེ་ལས་དང་གཏེར་ཁ་འདོན་མཁན་མི་སྒེར་གྱིས་དམིགས་འཛུགས་བྱས་མེད་པའི་ཚན་པར་བཙོང་མི་ཆོག
དོན་ཚན་ང་བཞི་པ། གཏེར་འདོན་ལག་ཁྱེར་གྱི་གོ་ཆོད་དུས་ཡུན་ནམ་ཡང་ན་དུས་བཀག་ཐིམ་རྗེས་ལས་འཛོལ་གྱིས་རྐྱེན་པས་ལས་མཚམས་འཇོག་པའམ་ཡང་ན་གཏེར་དོང་བཀབ་ཚེ། གཏེར་ཁ་འདོན་དབང་ཡོད་མཁན་གྱིས་ངེས་པར་དུ་ལས་མཚམས་མ་བཞག་གོང་ངམ་ཡང་ན་གཏེར་དོང་མ་བཀབ་གོང་གི་ཉིན་སུམ་ཅུའི་ཚུན་དུ་དེ་སྔའི་ལག་ཁྱེར་སྤྲོད་མཁན་ལས་ཁུངས་ལ་གཤམ་གསལ་གྱི་དཔྱད་ཡིག་འབུལ་དགོས་པ་དང་། ཆོག་མཆན་ཐོབ་རྗེས་གཞི་ནས་ལས་མཚམས་འཇོག་པའམ་ཡང་ན་གཏེར་དོང་བཀབ་དགོས་པ་མ་ཟད། (མུ་འགོད)