བདག་གིས་སྙིང་ནས་བརྩེ་བའི་ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་རྣམས་དང་བདག་ལ་བྱམས་བརྩེ་དྲོད་ཁོལ་གནང་མཁན་གྱི་དྲིན་ཅན་ཨ་མ་ལགས་བདེ་བར་བཞུགས་ཡོད་དམ།
དུས་ཚོད་ནི་བར་མེད་རྟག་ཏུ་འབབ་པའི་ཆུ་བོ་དང་འདྲ་བར་སྐད་ཅིག་ཉིད་ལ་ང་རང་ཕ་ཡུལ་དང་གྱེས་ནས་ཟླ་གཅིག་ལྷག་ཙམ་ཕྱིན། ཁ་སང་གཟའ་མཇུག་ལ་ཨ་མས་ལྷ་སར་ཡོང་བའི་ཚོང་པ་ཞིག་བརྒྱུད་དེ་བསྐུར་ཡོང་བའི་ཐང་ཁུག་ནང་གི་མར་རྩམ་དང་།མོ་རང་ཉིད་ཀྱིས་བཟོས་པའི་ཁ་ཟས་ཞིམ་པོ་རྣམས་ལག་ལ་འབྱོར་བྱུང་ལ། སྤོ་བོ་ལགས་ཀྱིས“ཤང་གྲོང་དར་རྒྱས། ནག་ཆུ་མདུན་སྐྱོད” ཅེས་པའི་ལག་ཤེས་འགྲན་སྡུར་ཁྲོད་གཡུར་ཟའི་འབྲས་བཟང་བླངས་པའི་གཏམ་བཟང་ཡང་ཐོས་པས་ཡིད་སེམས་སྤྲོ་བྱུང་།ང་རང་དབུས་ལྷ་ལྡན་གྲོང་གི་རིག་པའི་ལྡིང་ཁང་ན་དགེ་བའི་བཤེས་དང་མཐུན་པའི་གྲོགས་དང་མཉམ་དུ།ཤེས་རིག་པདྨོའི་ཟེའུ་འབྲུ་ལེན་ལ་བྲེལ་བའི་བརྩོན་ལྡན་བུང་བ་དང་འདྲ་བར་ཞིམ་མངར་གྱི་རོ་བཅུད་མྱོང་བཞིན་བདེ་བར་ཡོད་པས་ཁྱེད་རྣམས་ཐུགས་ལྷོད་གནང་རོགས།
ད་ནི་བྱང་གི་གྲང་ངར་ཆེ་བའི་གནམ་གཤིས་དང་སྡུག་རྩུབ་ཆེ་བའི་རླུང་དམར་འཇགས་ནས་དཔྱིད་ཀྱི་བདག་མོ་ལྷ་ལས་བབས་ཏེ་རི་ཆུ་ཀུན་ལ་སྐྱེ་སྟོབས་གསར་བའི་གསོན་ཤུགས་རྒྱས་ཤིང་།གང་སར་རྩྭ་ལྗང་གི་མྱུ་གུ་རྣམས་འཚར་སྐྱེད་འགྲན་པ་བཞིན་གཅིག་རྗེས་གཉིས་མཐུད་ངང་ས་ཤུན་བརྟོལ་ནས་སྐྱེས་ཡོང་ངམ། ཚེ་སྲོག་གསར་པ་སྦྲུམ་པའི་ནམ་ཟླ་དེ་སླེབས་རན་དུས་ངས་རེ་སྒུག་ཆེ་ཤོས་བྱེད་བཞིན་པ་ནི། འབྲི་མོས་བེའུ་ཁྲིད་དེ་དཀར་ཆུ་མོད་ཅིང་གཡང་ར་བ་སྒོ་བཞིའི་འཕེལ་ཁ་རྒྱས་པའི་རྣམ་པ་དེ་ཡིན། ད་དུང་ཁོད་ཡངས་པའི་ན་གཞུང་ན་དཔྱིད་ཀྱི་ཕོ་ཉས་སྙན་པའི་གླུ་སྒྲ་དར་ལུང་རྣ་ལ་ལྷུང་དུས་རྒན་རབས་ཚོས་མི་ནད་ཕྱུག་ནད་བཟློག་འགྲོ་ཟེར་གྱི་འདུག་གམ།
ངས་སྐྱ་རེངས་དང་མཉམ་དུ་ཕ་སྐད་གཙང་མའི་དབྱངས་རྟ་ངག་ལ་གྱེར་དུས། ངའི་ལྟེ་ཕྲག་དམར་པོ་ས་ལ་ཐོར་ས་དང་ཚེ་སྲོག་གི་གཉོམ་ལག་རྒྱས་སའི་སྦྲ་ནག་གྲུ་བཞི་དེ་དྲན་འོང་།རྒྱང་རིང་ནས་བལྟས་ན་དེ་ནི་སྲིད་པའི་འབྲོང་ཆེན་ཞིག་དང་འདྲ་བར་བརྗིད་ཉམས་ཆེ་བའི་འགྱིང་ཚུལ་དེ་དྲན་འོང་། སྔོན་ཆད་དེ་ནི་མེས་པོ་བློ་སྟོབས་ཅན་དེ་དག་གིས་མགོ་རུས་འཐིམ་ས་དང་།གངས་ཕྲུག་དཔའ་རྩལ་ཅན་དེ་དག་གིས་རྨི་ལམ་ལ་གཤོག་པ་རྒྱས་ས། སྡང་བའི་དགྲ་བོ་བྱུང་ན་བཙན་ས་རང་འགྲིག་ཡིན་ལ།མགྲོན་དང་གཉེན་ཉེ་ཡོང་ན་དགའ་བའི་སྟོན་མོ་བྱེད་ས་ཡང་ཡིན། སྦྲ་མཐིང་སྨུག་གི་འདབས་རོལ་ནས་ངས་ཀ་ཁའི་དབྱངས་རྟ་ངག་ལ་གྱེར་བའི་སྐྱིད་སྣང་དེའི་ཁྲོད་ནས་སྐད་ཡིག་ལ་བཅངས་པའི་དུངས་བ་ཟབ་མོ་བྱིས་བློ་གཙང་མར་འདྲེས་སའང་འདི་ཉིད་ལགས། ད་ལྟ་རྩྭ་ཐང་སྟེང་དུ་ཁྱེད་ཀྱི་བརྟན་ཞིང་ལྷིང་བའི་འགྱིང་ཚུལ་དེ་སྔར་བཞིན་ཡོད་དམ། ནངས་མོ་རེ་རེར་སློབ་གྲྭ་ནས་ཞོགས་ཟས་སྦྲང་དཀར་རྩམ་པ་ཟ་དུས། དྲིན་ཅན་གྱི་མ་ལོའི་འོ་ཇ་དང་མར་ལོ་དྲན་འོང་། ནམ་རྒྱུན་ཤག་ཤག་ཏུ་འབབ་པའི་ཆར་པ། འུར་འུར་དུ་ལྡང་བའི་བུ་ཡུག་གིས་བདག་ལ་སྐྱོ་བའི་གདུང་དབྱངས་རེ་སྣོན་དུས། ད་གཟོད་ངས་ཨ་མའི་བྱམས་བརྩེ་དང་འཛུམ་མདངས་དེ་དྲན་ཞིང་།གོ་ཁ་དྲོན་པོ་རང་གི་ལག་ཟེར་ནས་རང་ཁྱིམ་ལ་བསྐྱིལ་བའི་དྲོད་ཁོལ་དེ་ལྷག་ཏུ་དྲན་ཡོང་། ལྷག་བསམ་དང་གཞན་དོན་གྱིས་ཁེངས་པའི་སྤྱན་ཟུང་དེ་དྲན་འོང་། ཆུང་དུས་སུ་ཨ་མ་ཁྱེད་ཀྱིས་ང་རང་རྫི་རོགས་ལ་ཁྲིད་ནས་རྡོ་ར་གྲུ་བཞིའི་ནང་ང་ལ་འོ་ཇ་མངར་མོ་བསྐོལ་ནས་བླུད་པའི་ལོ་ཟླ་དག་དྲན་འོང་། རི་མགོ་མཐོན་པོའི་སྟེང་དུ་ཁྱེད་ཀྱིས་མ་ཎི་ཡིག་དྲུག་དབྱངས་ལ་དྲངས་ཏེ་ང་ལ་བསླབས་པ་དག་དྲན་འོང་། ཁྱེད་ནི་ངའི་སེམས་ཁོང་ན་བཞད་པའི་ཡལ་མེད་ཀྱི་སྤོབས་པ་དེ་དང་མི་ཡུལ་གྱི་དགེ་རྒན་ཐོག་མ་དེ་ཡང་ཡིན། ཨ་མ་ལགས། ད་ནི་ང་ནར་སོན་ཡོད། ངས་ཁྱེད་ཀྱི་དཔྲལ་བའི་ངོས་སུ་ཕབ་པའི་ཆུ་རིས་བཞིན་གྱི་གཉེར་མ་མཐོང་གི་འདུག་ལ། ཁྱེད་ཀྱི་དབུ་སྐྲའི་གསེང་དུ་དུང་ལྟར་དཀར་བའི་ལྕང་ལོ་མང་པོ་མཐོང་བ་དེས་ང་ལ་གནོན་ཤུགས་དང་བློ་སྒོ་ཕྱེ། ཁྱེད་རང་མི་ཡུལ་དུ་བཞུགས་རིང་ངས་ཁྱེད་ཀྱི་རེ་བ་དང་འདུན་པ་མཐའ་དག་འགྲུབ་པར་བྱ་ཆེད་བརྩོན་པ་གྲོགས་སུ་སྦྲན་ནས་མིག་ཟུང་རྒྱང་ལ་བསྲིངས་ཡོད། ནམ་ཞིག་གི་ཚེ་ངས་སློབ་ཐོན་གྱི་གཏམ་བཟང་འཁྱེར་ནས་ཡོན་ཏན་གྱི་རྒྱགས་ཕྱེ་བསྣམ་ནས་ཕ་ཡུལ་དང་ཨ་མར་དྲིན་ལན་ཞུ་ངེས།
མཐར།ཁྱེད་རྣམས་ཀྱི་སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་ལམ་ལན་བརྒྱར་འདེབས་སོ། །(མཛུབ་སྟོན་དགེ་རྒན། དཔལ་བཟང་པོ)