03

མཇུག་མཐའི་ལུས་རྩལ་འགྲན་ཚོགས། ལྷ་ས་ནག་ཆུའི་མཐོ་འབྲིང་གཉིས་པའི་མཐོ་གསུམ་འཛིན་གྲྭ་བཅུ་བཞི་པའི་སློབ་མ། ནམ་མཁའ་མི་འཇིག 2025年12月09日

དུས་ཚོད་འཁོར་ལོའི་འགྲོས་ནི་ཅང་ཤེས་རྟ་ཕོའི་བང་རྩལ་བདེ་མོའི་ཐང་ནས་རྒྱུགས་པ་བཞིན།ངའི་མཐོ་འབྲིང་གི་ལོ་ངོ་གསུམ་མགྱོགས་པོར་ཕྱིན་སོང་། ང་ཚོ་ནི་མི་ཡུལ་གྱི་མགྲོན་པོ་ཡིན་པ་བཞིན་མཐོ་འབྲིང་གི་གནས་མལ་འདི་ནས་རིག་པའི་མགྲོན་པོ་དག་གི་སློབ་གཉེར་གྱི་དུས་ཚོད་ཡང་རེ་ཞིག་རྫོགས་ལ་ཉེ་བས། མཇུག་མཐའི་ལུས་རྩལ་འགྲན་ཚོགས་ནི་ང་ཚོ་ལ་དབང་བའི་ཆེས་མཐའ་མའི་བརྗེད་མེད་ཀྱི་བྱེད་སྒོ་ཞིག་གམ། ལང་ཚོའི་རྔུལ་ཆུ་སློབ་གྲྭའི་ལུས་རྩལ་ཐང་ཆེན་དུ་གཏོར་བར་བྲེལ་བའི་གཞོན་ནུ་ཁྱུ་ཞིག་གི་གཞོན་པའི་གསོན་ཤུགས་ངོམས་ནས་གྱེས་ཁའི་རྫོགས་ཚིག་སློབ་རར་བྲིས་པའི་ཕྱིར་དྲན་རིང་མོ་ཞིག་ཅི་ལ་མིན།

ཇི་སྐད་དུ། ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་གསེར་ཁྲིར་བདག་པོ་མེད། འདོ་རིག་རྟ་ལ་བང་རྩལ་ཡོད་ན་ཨ་ཆེན་ཐང་ལ་ཟད་མཐའ་མེད།ཅེས་པ་ལྟར་དགའ་ལྡན་གསེར་ཁྲིར་སྐྱེས་ཆེན་རིམ་བྱོན་གྱི་ཞབས་རྗེས་བཀོད་ནས་མཚན་སྙན་གང་སར་ཁྱབ་པ་བཞིན་མི་ཞིག་གི་མ་འོངས་པ་ཡང་འོད་ཟེར་གྱིས་ཁེངས་པའི་ལམ་ཆེན་ཞིག་ཡིན་ངེས་པས་ལམ་ཀྱོག་རེ་ནས་ང་ཚོར་རེ་བ་དང་ཡིད་ཆེས་ཡོད་ན་རང་ཉིད་ཀྱི་ཕུགས་བསམ་དང་དགའ་ཕྱོགས་ཡང་མ་འོངས་པའི་རྒྱལ་ཁ་དང་ཇེ་ཉེ་ཡིན་པ་ཐེ་ཚོམ་ཅི། ལུས་རྩལ་བ་རྣམས་ཀྱིས་རང་ཉིད་ཀྱི་ཕུགས་འདུན་དང་འཛིན་གྲྭའི་སློབ་གྲོགས་རྣམས་ཀྱི་རེ་བ། འཛིན་བདག་གི་ཡིད་ཆེས་སོགས་རེ་ལྟོས་ཡོད་ཚད་རྒྱལ་ཁ་ལེན་པའི་སྟོབས་ཤུགས་དང་དཔུང་རོགས་སུ་བསྒྱུར་ནས། ལུས་རྩལ་ཐང་ཆེན་དུ་རང་བབས་ཀྱི་ལུས་རྩལ་རྣམ་གྲངས་ལ་ལེགས་པར་འགྲན་པ་ནི་བྱ་ཐང་དཀར་གྱིས་གཤོག་རྩལ་མུ་མེད་དབྱིངས་ན་ངོམས་པ་དང་གཉིས་སུ་མ་མཆིས།

རྒྱུགས་ལམ་རེ་རེ་ནས་རྔུལ་ཆུ་ཞིག་འདི་ལྟར་འཐོར། རྒྱལ་ཕམ་ཞིག་འདི་ལྟར་བསྒྲགས། ཐོབ་ཤོར་ཞིག་འདི་ལྟར་བརྩད་ནས་ཡོང་བ་ལ་ཞིབ་ཀྱིས་བསམ་ན། ལུས་རྩལ་འགྲན་ཚོགས་ཞིག་མཇུག་སྒྲིལ་པ་ནི་སློབ་གསེང་བྱེད་སྒོ་ཞིག་མཇུག་སྒྲིལ་པ་ཙམ་ཡིན། འོན་ཀྱང་འདི་ལས་ཐོབ་ཡོང་བ་ནི། ང་ཚོ་སློབ་གྲོགས་བར་གྱི་འཛའ་བརྩེ་དང་དགེ་སློབ་བར་གྱི་ཡིད་ཆེས་ནི་ཚེ་ཡི་ཕྲེང་བ་མ་ཆད་བར་མཇུག་སྒྲིལ་མི་རུང་ལ། ང་ཚོ་ནི་ཕ་ཡུལ་གཅིག་ནས་འཚར་ལོངས་བྱུང་ཞིང་ཡུལ་མི་དང་ཕ་མའི་རེ་བ། རང་ཉིད་ཀྱི་གཏན་གྱི་འདུན་མ་སེམས་ཀྱི་དཀྱིལ་དང་ཕྲག་པའི་སྟེང་ལ་ཁུར་ནས་ཉི་འོད་གྲོང་དུ་སློབ་གཉེར་ལ་འོང་དོན་ནམ་ཡང་བརྗེད་མི་རུང་། ང་ཚོས་ཆེས་མཐར་འཇུག་གི་དུས་ཚོད་ནང་ཆེས་འགྱོད་མེད་ཀྱི་བརྩོན་པ་རྒྱུན་ཆགས་ཆགས་སུ་བསྟར་ནས་མི་ཚེའི་དཀྱོགས་མཚམས་ལ་འཁེལ་བའི་ཡིག་རྒྱུགས་ལ་གཡུར་ཟའི་འབྲས་བཟང་བླངས་ཏེ། མཚར་སྡུག་འོད་སྟོང་འབར་བའི་མ་འོངས་པ་ཞིག་མཉམ་དུ་བསུ་ཆེད་གཅིག་ལ་གཅིག་རྟེན་དང་དཔུང་པ་མཉམ་གཤིབ་ཀྱིས་མདུན་སྐྱོད་ཀྱི་གོམ་སྒྲ་སྙན་འཇེབས་ཀྱི་གླུ་སྒྲ་དང་བསྡེབས་ཏེ་གནས་འདི་ནས་རྒྱང་རིང་ལ་སྤོ་དགོས་

ཨང་། སྙིང་ཉེ་བའི་སློབ་གྲོགས་ཚོ།

(མཛུབ་སྟོན་དགེ་རྒན། དཔལ་བཟང་པོ)