ཆབ་མདོ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་བཟོ་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཏང་ཡོན་གྱི་འཐུས་ཚབ་སྒྲིག་འཛུགས་བྱས་ཏེ་སྟེང་ཆེན་རྫོང་གྱང་སྔོན་ཤང་ལྟག་ཤོད་གྲོང་ཚོར་བསྐྱོད་དེ་སྒྲོག་འགྲེལ་བྱེད་བཞིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། ཆབ་མདོ་གྲོང་ཁྱེར་གྱི་རིམ་པ་ཁག་དང་ཚན་པ་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ལས་དོན་སྐུལ་འདེད་གཏིང་ཟབ་བཏང་ནས་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་དང་དམངས་འཚོའི་ལག་ལེན་ཟུང་འབྲེལ་དམ་ཟབ་ཀྱིས་གནད་སྨིན་རོགས་སྐྱོར་དང་། གཞི་རིམ་ལ་ཞབས་ཞུ། ཤེས་དཔལ་གསོ་སྐྱོང་བཅས་ཀྱི་ཁྲོད་མུ་མཐུད་འབད་བརྩོན་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བའི་ཕན་འབྲས་དངོས་ལ་འགྱུར་བ་བྱ་རྒྱུ་ཡིན་པ་རེད།
གཞི་རིམ་གྱི་འཐབ་ས་དང་པོ་ནི་སྲིད་ཇུས་དོན་འཁྱོལ་བྱེད་པའི“མཇུག་མཐའི་སྤྱི་ལེ་གཅིག”དེ་ཡིན། ཆབ་མདོ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་བཟོ་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཏང་ཡོན་གྱི་འཐུས་ཚབ་སྒྲིག་འཛུགས་བྱས་ཏེ་སྟེང་ཆེན་རྫོང་གྱང་སྔོན་ཤང་ལྟག་ཤོད་གྲོང་ཚོར་བསྐྱོད་དེ“དང་བླངས་སྟོབས་ཤུགས་གཅིག་ཏུ་སྒྲིལ། མཛེས་སྡུག་སྤྱི་ཚོགས་མཉམ་དུ་བསྐྲུན”ཞེས་པ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཏེ། ཏང་གི་གཟིགས་སྐྱོང་དང་དབང་སྐྱོན་རོགས་སྐྱོར་སྲིད་ཇུས་མང་ཚོགས་ཀྱི་ཉེ་གམ་དུ་བསྐྱལ་ཡོད།
རྒྱ་བོད་སྐད་གཉིས་ཀྱི་སྒྲོག་འགྲེལ་དེ་ནི་བྱེད་སྒོར་མངོན་གསལ་དོད་ཅིང་ཐུན་མོང་མ་ཡིན་པ་ཞིག་ཏུ་གྱུར་ཡོད། ཏང་ཡོན་ལས་བྱེད་པས“ཅི་འཕྲོས་མོལ་འཕྲོས”ཀྱི་ལམ་ནས་སྲིད་ཇུས་འགྲེལ་བཤད་བརྒྱབ་པ་དང་། གྲོང་མིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅིས་མཐོ་སྒང་གི་མི་རིགས་ཁག་གི་མང་ཚོགས་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་ལྷག་པར་དུ་དབང་པོ་སྐྱོན་ཅན་གྱི་འཚོ་བའི་འགན་ལེན་གྱི་ཐུགས་ཁུར་གནང་ལུགས་གསལ་བཤད་བྱས་པ་རེད། སྒྲོག་འགྲེལ་གྱི་ནང་དོན་དེ་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལ་དམ་པོར་དམིགས་པ་དང་། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་ནད་གཡོག་ཁ་གསབ་སོགས་མང་ཚོགས་ཀྱི་སེམས་ཁུར་ཆེ་ཤོས་ཀྱི་སྲིད་ཇུས་ལ་དམིགས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་དང་། དབང་སྐྱོན་གྱི་ལས་གཏོད་རོགས་སྐྱོར། བུ་ཕྲུག་གི་སློབ་གསོའི་འགན་ལེན། རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་བཅས་ཀྱི་དམངས་ཕན་བྱ་ཐབས་ལ་ཞིབ་ཕྲའི་ངོ་སྤྲོད་བྱས་པའི་ཁར། གྲོང་མིའི་དྲི་བར་རེ་རེ་བཞིན་ལན་བཏབ་པ་རེད།
ཏང་ཡོན་གྱི་དཔུང་ཁག་སོ་སོར་དུད་ཁྱིམ་དུ་བསྐྱོད་ཚེ་མང་ཆེ་ཤོས་ཀྱིས་བཀྲ་ཤིས་པའི་མཇལ་དར་དཀར་པོ་བསྒྲོན་ཞིང་། མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་བཤད་དེ་དམངས་འཚོའི་གཞི་གྲངས་དང་དངོས་ཡོད་དགོས་མཁོ་གསལ་པོ་བཟོ་བ་དང་། སྤེལ་རེས་སྟབས་མི་བདེ་བའི་གྲོང་མིའི་ཁྱིམ་དུ་ཏང་ཡོན་གྱིས་ལག་བརྡ་དང་མིག་མདངས་ཀྱི་ཐོག་ནས་གནས་ཚུལ་འདྲི་རྟོག་ཞིབ་བྱས་ཤིང་། ཕ་རོལ་པས་ཀྱང་མགོ་བོ་སྒུར་ཏེ་བཀའ་དྲིན་ཆེ་ལུགས་མཚོན། འགྲོ་སྐྱོད་མི་བདེ་བའི་གྲོང་མིར་ཚང་མས་ལུས་ཁམས་བདེ་ཐང་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པའི་ཁར་སྐུལ་ལྕག་ཀྱང་བཏང་ཞིང་།“ཏང་ལ་ཐུགས་རྗེ་ཆེ་ཞུ”ཞེས་པའི་ཡི་གེ་ལས་བརྩེ་བ་ཟབ་མོ་ཞིག་བསྣམས་ཡོད། འཚམས་འདྲི་ནང་རྩམ་པ་དང་། ཇ། ཕྱེ་ཐུག ཟས་སྣུམ་སོགས་འཚོ་བའི་དངོས་ཟོག་རིམ་པ་བཞིན་གྲོང་མིའི་ལག་ཏུ་སྤྲད་དེ།“ང་ཡིས་མང་ཚོགས་ལ་དོན་དངོས་བསྒྲུབ”པའི་ལག་ལེན་བྱེད་སྒོ་གཏིང་ཟབ་པའི་ཕྱོགས་སུ་སྤེལ་རྒྱུར་སྐུལ་སྤེལ་བཏང་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུ་བ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོ་བྱེད་པའི་འགག་རྩའི་དུས་སྐབས་སུ། ཆབ་མདོ་གྲོང་ཁྱེར་ཆུ་བེད་ཅུས་དང་། ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་ཟི་ཆབ་མདོའི་ཡན་ལག་ཀུང་ཟི། ཀྲུང་གོ་ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཀུང་ཟི་སྤོ་ལོ་ཡན་ལག་ཀུང་ཟི། ཆབ་མདོ་གྲོང་ཁྱེར་ལུང་རིང་ཆུ་མཛོད་རྣམ་གྲངས་པུའུ་བཅས་ཚན་པ4ཡིས་མཉམ་འབྲེལ་ཐོག“སློབ་ཚན་གཅིག་མཉམ་དུ་འཚོགས།-ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད”ཅེས་པ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། དམིགས་བསལ་གྱིས་ཁྲུང་ཆིན་གྲོང་ཁྱེར་ནན་ཨན་ཆུས་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ཙི་ཧྲན་ལགས་གདན་འདྲེན་ཞུས་ཏེ་ཆེད་དོན་གསལ་འགྲེལ་བྱས་ཡོད་པ་རེད།
དོན་ཟབ་ཚིག་གསལ་གྱི་སློབ་ཚན་དང་གསོན་ཉམས་དཔེ་དོན་དབྱེ་ཞིབ་བྱས་ཏེ། ཏང་ཡོན་ཚོགས་སྤྱི་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ནི་ལྐོག་གྱུར་གྱི་གཞུང་ལུགས་ཙམ་ཞིག་མ་ཡིན་པར་དེ་ནི་ལས་ཀའི་ལག་ལེན་ལ་ཁྱབ་པ་དང་། འཚོ་བའི་ཆུང་ཙག་ནང་ཞུགས་པའི་བྱ་སྤྱོད་ཀྱི་ཁྲིད་སྟོན་ཞིག་ཡིན་པ་ངོས་འཛིན་ཟབ་མོ་བྱུང་ཡོད། ཚང་མས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད། ཁ་ཕྱོགས་གསལ་པོ་བཟོས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་ཆབ་སྲིད་ཀྱི་རང་རྟོགས་དང་། ལས་ཀའི་བསམ་ཕྱོགས། དངོས་སྒྲུབ་ཕན་འབྲས་སུ་འགྱུར་བར་ཤུགས་བརྒྱབ་ནས་སྐུལ་སྤེལ་བཏང་བ་དང་། འགན་འཁྲི་འཁུར་སེམས་དང་ལག་བསྟར་བྱ་ཤུགས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་བྱ་གཞག་འཕེལ་རྒྱས་གཏོང་བའི་ལག་ལེན་ནང་དོན་འཁྱོལ་བྱ་རྒྱུ་ཡིན་པ་རེད།
(ཚེ་དབང་ལྷ་སྐྱིད་ཀྱིས་བསྒྱུར)