ས་བབ་མཐོ་ཚད་སྨི་4100ཟིན་པའི་བོད་ལྗོངས་རྒྱ་མ་གཏེར་ཁུལ་གྱི་གཏེར་ཁའི་ལས་སྣོན་འཁོར་ཁང་ནང་གྲང་ངར་ཆེ་རུང་། བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་སྒྲིག་ཆས་དང་ནུས་རྒྱུ་པུའི་ཅིང་ལི་གཞོན་པ་ལི་ཡུས་ཧྲན་གྱིས་འཕྲུལ་འཁོར་ལ་ཞིབ་བཤེར་བྱེད་བཞིན་ཡོད།
ཧོར་རིགས་ཀྱི་ལག་རྩལ་ཆེ་མོ་བ་དེའི་ལས་གོས་ཀྱི་ཁུག་མའི་ནང་རྟག་ཏུ་གློག་བཞུ་དང་། དྲོད་ཚད་འཇལ་ཆས། ལག་རྩལ་གྱི་དཔྱད་གྲངས་བྲིས་པའི་ཟིན་བྲིས་དེབ་བཅས་གསུམ་བླུགས་ཡོད། 2012ལོར་སློབ་ཆེན་མཐར་ཕྱིན་ནས་བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སིར་ལས་ཀར་ཡོང་བའི་ལི་ཡུས་ཧྲན་གྱིས་ལོ་13རིང་གངས་ལྗོངས་ས་མཐོར་བཀྲག་མདངས་འཚེར་བའི་གྲངས་གཞི་མང་པོ་བཏོད་པ་སྟེ། རྒྱལ་ཁབ་ཀྱི་ཁེ་བེད་བདག་ཐོབ་ཁག་4དང་། ལས་རིགས་ཚན་རྩལ་གྱི་བྱ་དགའ་ཆེན་པོ་ཁག་9 ལོ་རེར་མ་གནས་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་མ་དངུལ་སྒོར་ཁྲི་སྟོང་ལྷག་ཙམ་ཟིན་པ་ལ་སོགས་རེད།
དཀའ་གནད་ཐག་གཅོད་ཀྱི་གསར་གཏོད་ཇུས་གཞི།
“སྐབས་དེར་དབྱིན་ཡིག་གིས་ཁེངས་པའི་རླབས་སྒྱུར་འཕྲུལ་ཆས་ཀྱི་འཆར་ཤེལ་ལ་ལྟ་སྐབས་གང་ཡང་མི་ཤེས་པས་དངངས་འཚབ་ལངས་ནས་ལག་མཐིལ་ཡང་རློན་རྐྱང་ཆགས་སོང”ཞེས་ཐོག་མར་གཏེར་ཁུལ་དུ་སླེབས་སྐབས་འཕྲད་པའི་དཀའ་ངལ་ལ་ཕྱིར་དྲན་བྱེད་སྐབས་ལི་ཡུས་ཧྲན་གྱིས“ལག་རྩལ་གྱི་ལས་དང་པོ་བ”ཡིན་པའི་ཡ་ང་བའི་གནས་ཚུལ་སྦ་གསང་གཏན་ནས་མེད་པར་དེ་ལྟར་བཤད།
སྐད་ཡིག་གི་འགག་གནད་ལས་སྒྲོལ་ཆེད་ཁོང་གིས་སྒྲིག་ཆས་བཀོལ་སྤྱོད་ཀྱི་བཀའ་བརྡའི་ཡི་གེ་རེ་རེ་བཞིན་བཤུ་འབྲི་བྱས་པ་དང་། ཁ་པར་གྱི་ཡིག་སྒྱུར་མཉེན་ཆས་སྤྱད་ནས་དེའི་གོ་དོན་རེ་རེ་བཞིན་མཆན་བཀོད་པས་ལོ་ཕྱེད་ནང་རྒྱ་ཡིག་གི་ལག་རྩལ་དེབ་5བྲིས་པ་རེད། ས་མཐོར་ཉིན་མོ་གནམ་གཤིས་ཧ་ཅང་ཚ་གདུག་ཆེ་བ་དང་མཚན་མོ་གྲང་རླུང་ལྡང་ནས་ཧ་ཅང་གྲང་མོ་ཡོད། དེས་ན་ཉིན་མཚན་དབར་དྲོད་ཚད་ཧེ་བག་ཧྲེ་ཧྲི་ཏུའུ་20ལྷག་ཙམ་ཡོད་པ་ལས་སྒྲིག་ཆས་ཀྱི་འཇམ་འདྲེད་མ་ལག་ལ་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད། “ལྡོག་སྣུམ་གྱི་དྲོད་ཚད་འཕར་མགྱོགས་དྲགས་པས་བརྡར་འཁོར་གྱི་གློག་ཆད་སོང”དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ཡི་མཚན་གུང་དུ་ལི་ཡུས་ཧྲན་གྱིས་ལྭ་རིང་གྱོན་ནས་འཁོར་ཁང་དུ་དྲོད་ཚད་དམའ་པོའི་འོག་གི་འཇམ་འདྲེད་མ་ལག་གི་འཁོར་སྐྱོད་ཆོས་ཉིད་ལ་ལྟ་ཞིབ་བྱས་པས། ལྕགས་རིལ་ཅན་གྱི་ཞིབ་འཐག་འཕྲུལ་འཁོར་གྱི་འཇམ་འདྲེད་མ་ལག་གི་དྲོད་ཚད་ཧེ་བག་ཆེ་དྲགས་པའི་དབང་གིས་རྒྱུན་དུ་བརྡར་འཁོར་གྱི་གློག་ཆད་པའི་རྒྱུ་མཚན་ཤེས། དེས་ན་ཁོང་གིས་རང་ཉིད་ཀྱི་མི་ཚེ་གང་པོའི་གསར་གཏོད་ཀྱི་ཞིབ་འཇུག་བྱ་གཞི་དང་པོ་དེ་འགོ་བརྩམས།
2016ལོའི་དགུན་ཁར། གཏེར་འདེམས་བཟོ་གྲྭ་དང་པོའི་སྒྲིག་ཆས་ལ་གློ་བུར་དུ་སྐྱོན་ཤོར་ཞིང་། རིན་ཐང་སྒོར་ཁྲི་བརྒྱ་ཟིན་པའི་འགྲེང་ཐག་གི་སྨི་བཅུ་ཙམ་ལ་གཏེར་རྡོ་ཕོག་ནས་གཙབས་སྐྱོན་ཤོར། སྐབས་དེར་སྒྲིག་ཆས་ཙུའུ་ཀྲང་གི་འགན་འཁུར་མཁན་ལི་ཡུས་ཧྲན་གྱིས་གྲང་རླུང་ཇི་ལྟར་ལྡང་རུང་བསྟུད་མར་ཆུ་ཚོད་18མྱུར་བཟོ་བྱས་པས་ལག་པ་འཁྱགས་ནས་ཤེས་ཚོར་མེད་པར་གྱུར། ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ“འདྲེད་འགོག་ལག་རྩལ་སྒྱུར་བཀོད”ཀྱི་འགག་སྒྲོལ་བྱེད་འགོ་བཙུགས་ཏེ། འགྲེང་ཐག་བར་ཁྱམས་སུ་སྟབས་བདེའི་ཉལ་ཁྲི་བརྒྱབ་སྟེ་བརྙན་ལེན་འཕྲུལ་ཆས་ནས་གཏེར་རྡོ་སྐྱེལ་འདྲེན་གྱི་གནས་ཚུལ་པར་བླངས་པས། ས་མཐོའི་གནམ་གཤིས་སྐམ་ཤས་ཆེ་བའི་དབང་གིས་འགྲེང་ཐག་ངོས་སུ་ཐལ་རྡུལ་འཇིབ་པའི་ཆོས་ཉིད་རྟོགས། དེ་ལྟར་ཁོང་གིས་ཟླ་བ་བརྒྱད་རིང“ཐག་འདྲེན་འཕྲུལ་འཁོར་གྱི་རིག་ནུས་ལྟ་ཞིབ་ཚད་ལེན་མ་ལག”ཞིབ་འཇུག་གསར་སྤེལ་བྱས་པ་དང་། སྐུལ་འོད་བཤར་འབེབས་དང་AIརྩིས་ཐབས་མཉམ་འགུལ་བྱས་པས་སྐྱོན་འཛོལ་སྔོན་བརྡ་གཏོང་བའི་དུས་ཚོད་ཆུ་ཚོད་2ནས་སྐར་མ་15བར་ཐུང་དུ་ཕྱིན་ཞིང་། གྲུབ་འབྲས་དེར་2017ལོའི་ཀྲུང་གོའི་གསེར་ཁོངས་གཏོགས་ཀྱི་ཚན་རྩལ་གྲུབ་འབྲས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
ལྗང་མདོག་གཏེར་རིའི་སྐྱེ་ཁམས་ཀྱི་འགྱུར་ལྡོག
ལི་ཡུས་ཧྲན་གྱི་གཞུང་ལས་ཁང་གི་གྱང་ལྡེབས་སུ་འདྲ་པར་ཁག་གཅིག་བཀལ་ཡོད་པ་སྟེ། 2014ལོར་གཏེར་གཏོར་འཁོར་ཁང་དུ་ཐལ་རྡུལ་གྱིས་བསྒྲིབས་ནས་ལས་སྒྲུབ་ཁོར་ཡུག་གི་མཐོང་ཚད་གསལ་པོ་མེད་པ་དང་། 2024ལོར་འཁོར་ཁང་དེར་མཁའ་རླུང་དྭངས་གཙང་ཡིན་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་སྒྲིག་ཆས་གསལ་པོ་མཐོང་ཐུབ་ཀྱི་ཡོད། ཁོང་གིས་བཏོན་པའི“རིམ་པ་གསུམ་པའི་ཐལ་རྡུལ་བཅོས་སྐྱོང་མ་ལག”ལ་བརྟེན་ནས་ལས་རིགས་འདིའི་ནང་ས་མཐོའི་གཏེར་རིའི་ཐལ་རྡུལ་ཚོད་འཛིན་ཡག་པོ་ཐུབ་ཡོད། ལག་རྩལ་འདི་ཡིས་བཟོ་པ་100ལྷག་ཙམ་ཐལ་རྡུལ་ཁྲོད་ལས་ཀ་བྱེད་མི་དགོས་པ་མ་ཟད། ད་དུང་ས་མཐོའི་གཏེར་རིའི་ཐལ་རྡུལ་མང་བའི་ཁོར་ཡུག་བཅོས་སྐྱོང་གི་ཚད་གཞི་གསར་པ་ཞིག་ཀྱང་བཙུགས་ཡོད།
ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་བླང་བྱ་དེ་བས་མཐོ་བའི་མདུན་དུ་ལི་ཡུས་ཧྲན་གྱིས་ནུས་རྒྱུ་གཙང་མའི་ལས་ལ་གཞོལ་འགོ་ཚུགས། ཁོང་གིས་འགན་འཁུར་བའི“རྩྭ་འོད་གསབ་རེས་ཀྱི་འོད་གློག”རྣམ་གྲངས་ཀྱིས་རྒྱ་མ་གཏེར་ཁུལ་དུ་གཏེར་རིའི་ཆེད་སྤྱོད་འོད་ཤུགས་གློག་ཁང་དང་པོ་བསྐྲུན་ཞིང་། 2025ལོར་དྲ་སྦྲེལ་བྱས་པའི་50MWནས་ལོ་རེར་གློག་གཏོང་ཚད་ཏུའུ་ཁྲི་7500ཟིན་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་6.2ཉུང་དུ་ཕྱིན་ཡོད། “ང་ཚོས་འོད་ཤུགས་ཤེལ་ལེབ་འོག་ཏུ་གྲང་བཟོད་གཟན་རྩྭ་ཚོད་འདེབས་བྱེད་བཞིན་ཡོད། འབྱུང་འགྱུར་འདིར་ནུས་རྒྱུའི་རྟེན་གཞི་ཡིན་ལ་སྐྱེ་ཁམས་ཀྱི་འབྲོག་ར་ཡང་ཡིན”ཞེས་ཁོང་གིས་བྱེ་གཞོང་གི་དཔེ་དབྱིབས་ལ་མཛུབ་མོ་བཙུགས་ནས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།
རྩེ་མོར་འཛེག་པའི་སྙིང་སྟོབས་རྒྱུན་འཛིན།
2023ལོའི་ཟླ་8པར“ལི་ཡུས་ཧྲན་ངལ་རྩོལ་དཔེ་བཟང་བའི་གསར་གཏོད་ལས་སྒྲུབ་ཁང”གི་སྒོ་བྱང་དངོས་སུ་བཀལ་བ་རེད། མི་26ཡོད་པའི་ཚོགས་པ་འདིས་མི་རྣམས་ཧང་སངས་དགོས་པའི“ས་མཐོའི་མྱུར་ཚད”བཏོད་ཡོད། ཉིན་400ལ་ཞིང་ཆེན་དང་པུའུ་རིམ་པའི་བྱ་དགའ་ཆེན་པོ་3ཐོབ་པ་དང་། ཁེ་བེད་བདག་ཐོབ་ཁག་5རེ་ཞུ་བྱས་པ། ལག་རྩལ་གྱི་འགག་སྒོ་12བསྒྲལ་བ་རེད། ལས་སྒྲུབ་ཁང་དུ“ས་བབ་མཐོ་ཡང་གསར་གཏོད་ཀྱི་སེམས་ཤུགས་དེ་བས་ཆེ”ཞེས་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་སྦྱར་ཡིག་བཀལ་ཡོད།
“90ནང་སྐྱེས”ཀྱི་ལག་རྩལ་པ་ལུའོ་ཝེ་ཡིས་2023ལོའི་དགུན་དུས་ཀྱི་འགག་སྒྲོལ་དམག་འཐབ་དེ་གསལ་པོར་ཤོད་རྒྱུ་ཡོད། འཁྱཌ་ནས་གས་པའི་སྐྱོ་འདྲེན་སྦུག་ལམ་མྱུར་བཟོ་བྱ་ཆེད། ཚོགས་པས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་18མན་གྱི་མཐོངས་ཡངས་ལས་ཡུལ་དུ་བསྟུད་མར་ལས་སྒྲུབ་ཆུ་ཚོད་36བྱས་པ་རེད། ལི་ཡུས་ཧྲན་གྱིས“རླངས་དྲོད་དང་དྲོད་གདན་ཐུམ་སྒྲིལ”གྱི་བྱ་ཐབས་གསར་གཏོད་བྱས་ཏེ། ས་བླུག་འཕྲུལ་འཁོར་སྤྱད་ནས་གནས་སྐབས་ཀྱི་དྲོད་སྲུང་ཁང་བཙུགས་པས་གནད་དོན་ཐག་གཅོད་ཐུབ་ཡོད། གཡུལ་འགྱེད་འདི་ལས་ཐོན་པའི“ས་མཐོའི་སྦུག་ལམ་འཁྱགས་འགོག་གི་རིག་ནུས་ལྟ་ཞིབ་ཚད་ལེན་མ་ལག”ད་ཆ་མཚོ་བོད་གཏེར་ཁུལ་ཡོངས་སུ་ཁྱབ་གདལ་བྱུང་།
འདི་ལོ་ལི་ཡུས་ཧྲན་ལ“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི”མཚན་སྙན་ཐོབ་པ་དང་། གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་སྐབས་ཁོང་གི་ལས་གོས་སྔོན་མདོག་གི་བྲང་ཁོག་ཏུ་བཏགས་པའི་ཏང་ཡོན་གྱི་རྟགས་མ་ལས་འོད་མདངས་རབ་ཏུ་འཚེར། ལི་ཡུས་ཧྲན་གྱིས་གྲོགས་ཚོགས་སུ“གཟི་བརྗིད་མཚན་སྙན་འདི་ས་མཐོའི་གཏེར་ལས་པ་ཚང་མར་དབང་བ་ཞིག་ཡིན”ཞེས་བྲིས་ཡོད་པ་རེད།
ལི་ཡུས་ཧྲན་གྱིས་འོད་ཤུགས་ཤེལ་ལེབ་ཀྱི་སྟར་པའི་མདུན་དུ་ལངས་ནས་ཕ་རོལ་གྱི་གངས་རིར་རྒྱང་ལྟ་བྱེད་བཞིན་ཡོད་པ་དང་། ཁོང་གི་རྒྱབ་ཀྱི་ལས་སྒྲུབ་ཁང་དུ་མཚན་གང་གློག་འོད་འཚེར་བ་དེ་གངས་ལྗོངས་ས་མཐོའི་སྟེང་ནམ་ཡང་ནུབ་པ་མེད་པའི་སྐར་མ་དང་འདྲ་བར་འཛམ་གླིང་ཚན་རྩལ་གྱི་ཡང་རྩེར་འཛེག་པའི་ཀྲུང་གོའི་གསེར་ལས་པའི་ཡིད་ཆེས་དང་ཆོད་སེམས་མཚོན་གྱིན་ཡོད།