འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས15ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་བོད་ལྗོངས་ལྕགས་ལམ་ཀུང་ཟིའི་ཏང་ཨུད་ཧྲུའུ་ཅི་སྤྱི་ཁྱབ་ཅིང་ལི་ཀྲའོ་ཆུས་ཁྲའོ་དང་བཞུགས་མོལ་གནང་བ་རེད། ཀྲོང་ཅིན་སུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཀྲའོ་ཆུས་ཁྲའོ་དང་བཅས་པར་དགའ་བསུ་ཞུས་པ་དང་། བོད་ལྗོངས་ལྕགས་ལམ་ཀུང་ཟིས་དུས་ཡུན་རིང་པོའི་ནང་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་མིག་སྔར་གྲོང་ཁྱེར་ཡོངས་ཀྱི་གོང་འོག་བར་གསུམ་གྱིས“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའིའཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་པའི”ལས་དོན་དམིགས་ཚད་ལ་གཞིགས་ཏེ། ནུས་ཁུངས་གཙང་མ་དང་འབྱུང་འཕྲོད་གཏེར་ལས། རིག་གནས་ཡུལ་སྐོར་བཅས་སྣེ་ཁྲིད་དུ་བྱེད་པ་དང་། བར་སྣང་དང་ས་ངོས་གཞི་གཅིག་ཅན་གྱི་འགྲིམ་འགྲུལ་དྲ་བ་འདེགས་སྐྱོར་དུ་བྱེད་པ།
ཞིང་འབྲོག་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི“3+1+1”གི་ལས་འགན་གལ་ཆེན་བཅས་ལ་སྐུལ་འདེད་བཏང་བས་ཆབ་མདོའི་སྤུས་དག་གོང་འཕེལ་གྱི་ལག་ལེན་བསྟར་ཐབས་དང་ཤུགས་རྒྱག་སའི་ཁ་ཕྱོགས་གཙོ་བོ་ཇེ་གསལ་དུ་ཕྱིན་ཡོད་པས། བོད་ལྗོངས་ལྕགས་ལམ་ཀུང་སིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དང་། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་ཁྲིད་བྱེད་རྒྱུ། ས་གནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྔར་རྒྱུན་བཞིན་རྒྱབ་སྐྱོར་དང་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ནས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་གཏོད་རྒྱུ་ཡིན་ཞེས་བསྟན།
ཀྲའོ་ཆུས་ཁྲའོ་ཡིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་བོད་ལྗོངས་ལྕགས་ལམ་ཀུང་སིར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་ཐོག་ལས་གཞི་འཛུགས་སྐྲུན་གྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་རེད། བོད་ལྗོངས་ལྕགས་ལམ་ཀུང་སིས་ནུས་ཤུགས་ཡོད་རྒུས་ཆབ་མདོར་ཡོད་པའི་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན། ཚན་རིག་ཞིབ་འཇུག་སོགས་ལ་དམིགས་ཏེ་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབས་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད།
(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)