འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་27ཉིན། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གཙོ་གནད་ལས་གྲྭ་ཞིག་ཡིན་པའི་ཧྭ་གློག་ཡེར་པ་ཐང་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་དང་པོ་ནས་གློག་དངོས་སུ་གཏོང་འགོ་ཚུགས་པ་རེད།
ཡེར་པ་ཐང་ཆུ་ཤུགས་གློག་ཁང་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དཔལ་ཡུལ་རྫོང་འབྲེལ་མཚམས་ཀྱི་འབྲི་ཆུའི་འབབ་རྒྱུད་དུ་གནས་ཤིང་། གློག་ཁང་གི་གློག་འདོན་འཕྲུལ་འཁོར་ཨ་མའི་གློག་གཏོང་ཚད་ཆན་ཝ་ཁྲི་224ཟིན་པ་དང་། ཆུ་མཛོད་དུ་ཆུ་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་10.80ཟིན་པ། ལོར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་102ཇུས་འགོད་བྱས་ཡོད་པ་རེད། འཕྲུལ་ཙུའུ་ཚང་མ་ནས་གློག་གཏོང་འགོ་ཚུགས་རྗེས། ལོར་ཚད་ལྡན་རྡོ་སོལ་ཏུན་ཁྲི་300ལྷག་ཙམ་གྲོན་ཆུང་ཐུབ་ཀྱི་ཡོད་པ་རེད།
ཡེར་པ་ཐང་ཆུ་ཤུགས་གློག་ཁང་ནས་གློག་གཏོང་འགོ་ཚུགས་པ་དེས་རང་རྒྱལ་གྱི་ཆུ་ཤུགས་གློག་ཁང་ལས་གྲྭའི་ལག་རྩལ་སྔོན་ཐོན་གྱི་སྟོབས་ཤུགས་མཚོན་ཡོད་ལ། དེ་བས་ནུས་རྒྱུ་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། “ཐཱན་གཉིས”དམིགས་ཚད་ཀྱི་འགག་རྩའི་བྱ་ཐབས་དོན་འཁྱོལ་བྱས་པ་ཞིག་ཡིན་པས། དེས་ནུས་རྒྱུ་གསར་པའི་མ་ལག་གཏོད་པ་དང་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་ལ་འགན་སྲུང་བྱེད་པར་སྟོབས་ཤུགས་གལ་ཆེན་སྐྱེས་སུ་འབུལ་ཐུབ་ངེས་རེད།

