ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་25དང་ཚེས་26ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱ་རྒྱུར་དམིགས་པ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ། བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་བཤེར་དང་ཏང་གཤིས་ལ་དབྱེ་ཞིབ་བཅས་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་ཡོད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གལ་ཆེན་གནང་བ་རེད།
ཚོགས་འདུ་མ་འཚོག་གོང་འབྲེལ་ཡོད་ཀྱི་ལས་དོན་ལ་གྲ་སྒྲིག་ནན་ཏན་བྱས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་སྙིང་གཏམ་ལྷུག་གླེང་གནང་ནས་བསམ་འཆར་དང་གྲོས་འགོ་གསན་པ་མ་ཟད། གཏམ་བཤད་ཀྱི་གནད་བསྡུས་ཀྱང་བྲིས་ཡོད། ཚོགས་འདུར་དང་ཐོག་2025ལོར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་2025ལོར་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ་གསན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་མི་རེ་རེ་བྱས་ནས་གཏམ་བཤད་སྤེལ་གནང་བ་དང་། ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ཏེ། 《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག》དང《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་ཞིབ་སྲོལ》དང་ཞིབ་བསྡུར་གྱིས་བཤེར་འདོན་ནན་ཏན་དང་། དབྱེ་ཞིབ་གཏིང་ཟབ། ལྷག་བསམ་ཟོལ་མེད། གང་བསམ་ལྷུག་གླེང་བཅས་གནང་བས་རྣམ་པ་འཁྲུག་ལ་གསོན་ཉམས་ལྡན་པ་དང་། སྔོན་དཔག་གི་ཕན་འབྲས་ཐོན་ཡོད་པ་རེད།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོའི་གཏམ་བཤད་གཙོ་གནད་ལྔ་ལ་དམིགས་ཡོད་པ་སྟེ། གཅིག་ནི་སྣེ་ཁྲིད་དེ་ཆབ་སྲིད་ལ་ལྷག་བསམ་རྣམ་དག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། གཉིས་ནི་སྣེ་ཁྲིད་དེ་གཞི་རྩ་བརྟན་གཏོང་བྱས་ནས་ཏང་གཤིས་ལ་ཤུགས་སྣོན་རྒྱག་པ།གསུམ་ནི་སྣེ་ཁྲིད་དེ་མི་དམངས་ལ་གུས་སྐྲག་དང་། རྩ་འཛུགས་ལ་བཀུར་སྐྲག བཅའ་ཁྲིམས་དང་སྒྲིག་ཁྲིམས་ལ་འཇིགས་བཀུར་བཅས་བྱེད་པ། བཞི་ནི་སྣེ་ཁྲིད་དེ་ལས་སྒྲུབ་ལས་གཏོད་དང་ཐེག་པ་ཁུར་ལེན་བྱེད་པ། ལྔ་ནི་སྣེ་ཁྲིད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་མཐའ་གཅིག་ཏུ་ཁུར་བ་བཅས་ཡིན།
(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཚོགས་འདུའི་ཐོག་ནན་བཤད་བྱས་དོན། 2025ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན་ཞིང་། རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལས་བྱུང་བའི་འགྲན་སློང་དྲག་པོར་ཕྱོགས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་ནས་དཀའ་ངལ་ལ་མི་འཛེམས་པར་མདུན་སྐྱོད་དང་འབད་འབུངས་ཡར་བརྩོན་གནང་བར་བརྟེན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་བདེ་བླག་ངང་ལེགས་འགྲུབ་བྱུང་སྟེ། “ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོས་མཇུག་བསྡུ་བྱེད་ཉེར་ཡོད། རང་རྒྱལ་དཔལ་འབྱོར་གྱིས་གནོན་ཤུགས་བཟོད་བཞིན་མདུན་སྐྱོད་དང་ལེགས་གསར་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་དང་། སྒྱུར་བཅོས་སྒོ་དབྱེའི་ཐད་གོམ་སྟབས་གསར་པ་སྤོས་པ། དམངས་འཚོ་འགན་སྲུང་དེ་བས་ནུས་ལྡན་བྱུང་བ། སྤྱི་ཚོགས་དུས་བབ་བརྟན་ལྷིང་རྒྱུན་འཁྱོངས་བཅས་ཀྱི་རྣམ་པ་བཟང་པོ་ཐོབ་ཡོད། གྲུབ་འབྲས་འདི་དག་ནི་ལས་སླ་པོར་ཐོབ་པ་ཞིག་གཏན་ནས་མིན།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ངོས་འཛིན་གཅིག་མཐུན་གནང་དོན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་གསར་པ་དེ་དག་ནི་རྩ་བའི་ཆར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལས་བྱུང་བ་ཞིག་རེད། ཏང་ཡོངས་ཀྱིས་ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། སང་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ལོ་ཡིན་པས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་མགྱོགས་མྱུར་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་སྔར་བས་ཟབ་ཏུ་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་དེ་བས་ལེགས་པོས་སྤྱི་འདོམས་བྱེད་པ། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོར་འདེགས་དང་གྲངས་འབོར་ལུགས་མཐུན་འཕར་བར་སྐུལ་འདེད་གཏོང་བ། དམངས་འཚོ་རྒྱུན་མཐུད་ལེགས་སུ་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་འགོ་ཡག་པོ་ཞིག་འཛུགས་ཐུབ་པར་བྱེད་དགོས།
ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོའི་ལྟ་བསྡུར་ཞིབ་བཤེར་གྱི་གཏམ་བཤད་ལ་རེ་རེ་བཞིན་དཔྱད་བརྗོད་གནང་བ་དང་། རེ་རེ་བཞིན་བླང་བྱ་བཏོན་གནང་བ་མ་ཟད། ཕྱོགས་བསྡོམས་ཀྱང་གནང་བ་རེད། ཁོང་གིས། ད་ཐེངས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུར་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་ཆེས་ཆེར་ཕྱིན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཀྲུང་དབྱང་ཆབ་སྲིད་ཅུས་ནས་བྱེད་འགོ་བཙུགས་པ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱ་རྒྱུ་ནས་འགོ་བཙུགས་ཏེ། “སྤྱོད་ཚུལ་བཞི”ཡོ་བསྲང་ཧུར་ཐག་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ད་ལོ་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཏེ། འཛེམ་མེད་དམར་འདོན་གྱི་སྒོ་ནས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་པར་བརྟེན་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་མངོན་གསལ་དོད་པའི་གྲུབ་འབྲས་གསར་པ་ཐོབ་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་མཐའ་འཁྱོངས་བྱ་རྒྱུ་དེ་སྒྲིག་ལམ་དམ་ནན་དང་གཏན་འབེབས་ཁ་གསལ་ལ་བརྩིས་ཏེ། “སྤྱོད་ཚུལ་བཞིའི”གཅོང་ནད་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་བཅོས་ནས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཏང་གཤིས་དང་ཏང་སྲོལ་གྱི་ཚད་ཤིང་ཡག་པོ་ཞིག་བྱས་ཏེ་དད་སེམས་དང་། དངོས་སྒྲུབ། འགན་འཁུར། རང་འདོམས་བཅས་ཀྱི་ཐད་ཏང་ཡོངས་ལ་སྣེ་ཁྲིད་ཡག་པོ་བྱས་ནས་མིག་དཔེ་འདོན་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། མར་ཁེ་སི་རིང་ལུགས་ལ་ཡིད་ཆེས་བརྟན་པོ་བྱེད་པ་དང་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་ནི་གུང་ཁྲན་ཏང་མིའི་རང་ཚུགས་ཀྱི་རྩ་བ་ཡིན། འགོ་ཁྲིད་ལས་བྱེད་པ་ཚོས་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་དང་རང་ཉིད་ཀྱིས་འཁུར་བའི་འགན་འཁྲི་དང་ཟུང་འབྲེལ་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། རང་སྐྱོན་རང་བརྟག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བློ་བརྟན་འགྱུར་མེད་ཀྱི་མར་ཁེ་སི་རིང་ལུགས་པ་ཞིག་བྱེད་དགོས། སེམས་ནུས་ཡོད་རྒུས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེར་ཞུགས་ནས་བསམ་བློ་དང་སེམས་ནུས་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཀྱི་ཐོག་གཅིག་སྡུད་བྱས་ཏེ། དུས་རབས་ལ་ངོ་གནོང་མི་དགོས་པའི་ལས་རྗེས་གཏོད་དགོས། ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་ཁ་ཕྱོགས་བཅས་སྟངས་འཛིན་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་རྒྱུན་འཁྱོངས་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གུང་ཁྲན་ཏང་མི་ནི་དངོས་གཙོ་རིང་ལུགས་པ་ཞིག་ཡིན་པས། དངོས་སྒྲུབ་བྱ་རྒྱུ་ནི་དགོས་ངེས་ཀྱི་གཤིས་རྒྱུད་ཅིག་ཡིན་ཏེ། ངེས་པར་དུ་དངོས་ཐོག་བདེན་འཚོལ་དང་། དམ་པ་དོན་གཉེར། དངོས་འཛིན་དངོས་སྒྲུབ་བཅས་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་བསམ་འཆར་མི་འདྲ་བ་ཉན་རྒྱུར་དོ་སྣང་བྱས་ནས་དོན་དངོས་བསྒྲུབ་རྒྱུར་གདེང་ཚོད་ཡོད་པར་བྱེད་དགོས། སློབ་སྦྱོང་ཞིབ་འཇུག་ཐད་འབད་བརྩོན་བྱེད་པ་དང་གནས་ཚུལ་དབྱེ་ཞིབ་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱི་ཚུལ་བརྒྱུད་ནས་ངོ་བོ་ཤེས་རྟོགས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་དགོས། སྣེ་ཁྲིད་ནས་ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་བྱས་ཏེ་དངོས་སྒྲུབ་ལ་མཐོང་ཆེན་དང་ཕན་འབྲས་དངོས་དོན་གཉེར་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། འགོ་ཁྲིད་ལས་བྱེད་པ་ཚོས་ཐེག་པ་ཁུར་ལེན་ཕོད་པར་བྱས་ཏེ་གོ་གནས་གང་ཞིག་བཟུང་ན་དེ་ཡི་སྲིད་དོན་སྒྲུབ་པ་དང་དེའི་འགན་འཁྲི་གཙང་སྒྲུབ་བྱེད་པ་དང་། འགན་འཁྲིའི་ཁྱབ་ཁོངས་ནང་རང་འགུལ་ངང་འགན་འཁྲི་ལྕི་པོ་དང་དཀའ་ཚེགས་ཆེ་བའི་ལས་འགན་འཁུར་དགོས། དཀའ་ངལ་དང་། འགལ་ཟླ། ཉེན་ཁ། མངོན་མེད་རྐྱེན་ངན་བཅས་ཁྱད་བསད་བྱས་ཏེ་དཀའ་ངལ་ལ་མི་འཛེམས་པར་མདུན་སྐྱོད་དང་འགག་སྒྲོལ་དཀའ་སེལ་བྱེད་དགོས། ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཡིན་མིན་གསལ་འབྱེད་དང་འཐབ་རྩོད་བྱེད་ཕོད་པ་བྱས་ཏེ་གནད་དོན་གལ་ཆེན་དང་རྩ་དོན་གྱི་གནད་དོན་ཐད་དར་ཆ་གསལ་སྟོན་ཐུབ་པར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པ་ཚོས་ངེས་པར་དུ་རིག་པ་དྭངས་གསལ་དང་རང་གཅུན་ནན་པོ་དང་། ཐོག་མཐའ་བར་གསུམ་དུ་རང་གཤིས་རྒྱུན་འཁྱོངས་དང་ཡིན་ལུགས་ཚུལ་ལྡན། སེམས་ཆུང་བག་ཡོད་དང་ཁེངས་སྐྱུང་གཟབ་ནན་བཅས་བྱེད་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་པོ། དོན་གྲོས་ཐབས་ཇུས་ཀྱི་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ་བཅས་བྱས་ནས་རང་རྟོགས་ངང་ལམ་ལུགས་དང་སྒྲིག་སྲོལ་གཞིར་བཟུང་བྱ་བ་སྒྲུབ་དགོས། གཞུང་དྲང་རང་ཚུགས་ཐུབ་པ་དང་ཐབས་མཁས་རང་སྲུང་བྱས་ཏེ་ཁྱད་དབང་བསམ་བློ་དང་ཁྱད་དབང་བྱ་སྤྱོད་ལ་ངོ་རྒོལ་དང་། ཉེ་འགྲམ་གྱི་མི་དང་བྱ་བར་དོ་དམ་ཡག་པོ་བྱས་ཏེ་གཞུང་དྲང་སྤྱོད་གཙང་དངོས་འབྲེལ་ཐུབ་པར་བྱེད་དགོས།

