འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས26ཉིན་གྱི་སྔ་དྲོར། གྲོང་ཁྱེར་སྲིད་གྲོས་ཏང་ཙུའི2025ལོའི་ཚོགས་འདུ་ཐེངས7པ་དང་ཆབ་མདོ་གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཀྲུའུ་ཞིའི་ཚོགས་འདུ་ཐེངས38པ་འཚོགས་ཤིང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འོས་མི་ཉི་མ་ཚེ་རིང་ཚོགས་འདུར་ཞུགས་པ་རེད།
གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ཧུའུ་ཏེང་ཧྥུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ལོ་མཇུག་དང་ལོ་འགོའི་ལས་དོན་ཡག་པོ་སྒྲུབ་པ་དང་གྲོང་ཁྱེར་སྲིད་གྲོས་ཀྱི་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པ་གྲ་སྒྲིག་ཡག་པོ་བྱ་རྒྱུའི་ཐད། ཁོང་གིས། ཐོག་མཐའ་བར་གསུམ་དུ་ངེས་ཤུགས་དང་ངར་ཤུགས་རྒྱུན་འཁྱོངས་བྱས་ཏེ། གཙོ་གནད་མངོན་གསལ་དོད་པ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ཏེ་ལས་འགན་ཁག་ལ་དུས་གཅིག་ཏུ་ནུས་ཤུགས་འདོན་པ་དང་དུས་གཅིག་ཏུ་སྐུལ་འདེད་བཏང་ནས་སང་ལོའི་ལས་དོན་ལ་ཇུས་འགོད་ནན་ཏན་བྱེད་དགོས་པ་དང་། ཚོགས་འདུའི་གྲ་སྒྲིག་འགོ་ཁྲིད་ཚོགས་ཆུང་གིས་གཅིག་གྱུར་གྱིས་མཐུན་སྦྱོར་དང་སྒྲིག་འཛུགས་ཞིབ་ཚགས་བྱེད་དགོས་པ་དང་། གྲ་སྒྲིག་ཚོགས་ཆུང་ཁག་གིས་རོགས་ལས་དམ་ཟབ་དང་། ཕན་ཚུན་གཞོགས་འདེགས། ཞིབ་ཕྲར་དམ་པོར་དམིགས་པ། འགན་འཁྲི་ནན་སྒྲུབ། ཚོགས་འདུའི་དཔྱད་ཡིག་སྤུས་ཚད་མཐོ་བའི་སྒོ་ནས་འཆར་ཟིན་འགོད་པ། ཚོགས་འདུའི་ལས་དོན་སྒྲིག་འཛུགས་ནན་པོ་བྱེད་པ། ཚད་གཞི་མཐོ་བའི་སྒོ་ནས་ཞབས་ཞུའི་འགན་སྲུང་མཁོ་འདོན། ཞབས་ཞུ་སྤུས་ལེགས་དང་བཀོད་སྒྲིག་འཐུས་ཚང་བཅས་བྱས་ཏེ་ཨུ་ཡོན་རྣམས་ལ་སྐྱིད་སྣང་དོད་པ་དང་བློ་བདེ་བག་ཕེབས་ཀྱི་ཚོགས་ཞུགས་ཁོར་ཡུག་ཅིག་མཁོ་འདོན་བྱེད་དགོས་ཞེས་ནན་གསུང་གནང་ཡོད།
ཚོགས་འདུའི་ཐོག་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སོགས་འབྲེལ་ཡོད་ཡིག་ཆ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པའི་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་བྱས་པ་རེད།
གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་འཕྲིན་ལས་དང་། སྟོབས་རྒྱལ། ཀྲང་ཧུང་ཅུན། ཚེ་རིང་ནོར་བུ། ཀྲང་ཝན་ལི། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འོས་མི་ཚེ་རིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

