འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས24ཉིན། ཆབ་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་ཐེངས་གཉིས་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་དམིགས་ཡུལ་ནི་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་ཏུ་སྒྲིལ་བ་དང་། ཁ་ཕྱོགས་ཁ་གསལ་བཟོ་བ། བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་པོར་ཡོང་རྒྱུར་སྐུལ་སྤེལ་བཏང་སྟེ། ཆབ་མདོ་གྲོང་ཁྱེར་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་དེ་རེད།
ཚོགས་འདུ་དེ་ནི་རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་ནས་འགོ་ཚུགས་པ་དང་། ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་དེ་བཞིན་ཆབ་མདོ་གྲོང་ཨུད་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་འབྲེལ་ཡོད་འགོ་ཁྲིད་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཞིང་། ནང་བསྟན་མཐུན་ཚོགས་ཀྱི་ལས་དོན་ལ་རེ་བ་དང་བླང་བྱ་བཏོན་ཡོད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆབ་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རྫོང་ལོ་བྱམས་པ་མཁས་གྲུབ་ཀྱིས་སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་ཐེངས་གཉིས་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་གནང་བ་རེད། སྙན་སྒྲོན་གྱིས་ཕྱོགས་ཡོངས་ནས་འདས་ཟིན་པའི་དུས་མཚམས་ཤིག་གི་རིང་ནང་བསྟན་མཐུན་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་པོར་ཡོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་མ་ཟད། དེ་དང་ཆབས་ཅིག་ཏུ་དེར་གནས་པའི་གནད་དོན་དང་མི་འདང་བའི་ཆ་ལ་དབྱེ་ཞིབ། དུས་སྐབས་རྗེས་མའི་ལས་དོན་ལ་འཆར་འགོད་དང་བཀོད་སྒྲིག་བྱས་ཡོད་པ་རེད།
ཚོགས་འདུ་ཡིས་ཆབ་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་ཐེངས་གཉིས་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་སྒྲོན་གྱི་ཆོད་དོན(འཆར་ཟིན)ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་རེད།

