འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11ཚེས21ཉིན་གྱི་སྔ་དྲོ།“སྟོང་ལོའི་ཁ་རུབ། སྣང་སྲིད་དོན་ལྡན”ཞེས་པའི2026ལོའི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་རིག་གཏོད་ཚོགས་ཆེན་ཇ་རྟའི་ཐང་ཆེན་དུ་འགོ་ཚུགས་པ་རེད། བྱེད་སྒོ་ཐོག་བརྩམས་ཆོས་འགྲེམས་སྟོན་དང་ལག་ཤེས་སྤྱན་འབུལ། བགྲོ་གླེང་སྤེལ་རེས། དཔྱད་ཞིབ་གཟེངས་བསྟོད་སོགས་འདུས་ཤིང་། རང་ཡུལ་གྱི་ལག་ཤེས་པ་དང་རྒྱལ་ཡོངས་ས་ཕྱོགས་ཁག་གི་ཇུས་འགོད་པ། མཐོ་སློབ་ཀྱི་གསར་གཏོད་ཚོགས་པ་བཅས་མཉམ་དུ་འཛོམས་ནས། ས་གནས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་དག་གོང་འཕེལ་འགྲོ་བར་མཐུན་རྐྱེན་བསྒྲུབས་ཡོད།
ད་ཐེངས་ཀྱི་རིག་གཏོད་ཚོགས་ཆེན་ནི་ཀྲུང་གོའི་ལྕགས་ལམ་ཅུད་ཀྱིས་རོགས་སྐྱོར་གནང་བ་ཞིག་ཡིན་ལ་དེའི་ཐོག་དམངས་ཁྲོད་བཟོ་རྩལ་དག་མ་དང་དངོས་རིགས་གསར་གཏོད། མཐོང་ཚོར་བློ་གསར་སོགས་འགྲན་སྡུར་གྱི་སྡེ་ཚན་གསུམ་བཀོད་སྒྲིག་བཟོས་ཤིང་མཐའ་བསྡུར་ནང་ཚུད་པའི་ཕུལ་བྱུང་གི་བརྩམས་ཆོས32སྤྱན་ལམ་དུ་བསྟར་ཡོད།
ཚོགས་ཆེན་ཐོག་ཇ་རྟའི་ཐང་ཆེན་དུ་རིང་ཚད་སྨི50ཅན་གྱི་གཙོ་དོན་སྒྲིག་ཆས་བསྒར་ཏེ། དམངས་ཁྲོད་བཟོ་རྩལ་འགྲེམས་ཁུལ་དང་མཐོང་ཚོར་བློ་གསར་ཁྱམས་རིང་ མཉམ་འགུལ་འབྱོར་ཐོ་འགོད་སའི་སྒྲིག་ཆས་སོགས་དུས་གཅིག་ཏུ་སྒོ་ཕྱེ་བ་དང་། དེ་དག་ལ་རིག་གནས་འགྲེམས་སྟོན་དང་མི་མང་མྱོང་རོལ། བློ་གསར་བགྲོ་གླེང་སོགས་ཀྱི་བྱེད་ནུས་ལྡན་ཡོད་པས་གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་གི་དང་བ་ཆེས་ཆེར་འདྲེན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་རིག་གཏོད་ཚོགས་ཆེན་ཉིན་གཉིས་ལ་སྤེལ་རྒྱུ་དང་།རྗེས་ཕྱོགས་ད་རུང་ཡུལ་དངོས་སུ་དཔྱད་ཞིབ་དང་འགྲན་ཞུགས་པས་ཚོང་བཤད། གཙོ་དོན་བགྲོ་གླེང་།གཟེངས་བསྟོད་མཛད་སྒོ་སོགས་སྤེལ་རྒྱུ་ཡིན་ཞིང་། དར་སྲོལ་རིག་གཏོད་ཀྱི་ཚོང་ཁྲོམ་ཡང་མཉམ་གཅིག་ཏུ་མི་མང་ལ་དམིགས་ནས་སྒོ་ཕྱེ་སྟེ། རྒྱ་ཆེའི་གྲོང་མི་ཐམས་ཅད་ཐག་ཉེ་ས་ནས་རིག་གཏོད་ཀྱི་ཁྱད་ཡོན་ཉམས་སུ་མྱོང་ཐུབ་པ་བྱ་རྒྱུ་རེད།

