国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月20日

རིག་གནས་ལ་བརྟེན་ནས་བོད་ཤར་འཕེལ་རྒྱས་བཏང་། རྒྱུན་འཛིན་ལ་བརྟེན་ནས་རིག་གནས་དར་སྤེལ་བཏང་།

འདུ་ལོང་ཆེ་བའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱ་ཡུལ་ནས་གྲོང་གསེབ་ཀྱི་རིག་གནས་བྱེད་སྒོ་ཁང་དུ་དགོད་སྒྲ་ཡིས་ཁེངས་པའི་བར་དང་ ཤེས་དཔལ་སྲོལ་གསར་ཁྱབ་པའི་ཁྲོམ་གཞུང་ནས་ལོ་ངོ་སྟོང་གི་རིག་དངོས་ལ་གསོན་ཤུགས་རྒྱས་པའི་བར། ཆབ་མདོའི་མི་རིགས་ཁག་གི་མང་ཚོགས་རྣམས་ནས་རང་རང་སོ་སོའི་སྒོ་འགྲམ་དུ་རིག་གནས་ཀྱི་སྟོན་མོ་གྱ་ནོམ་པ་ལོངས་སུ་སྤྱོད་བཞིན་ཡོད།

གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་གཞུང་འཁྱོངས་གསར་འབྱེད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས།

འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་དེ་རིག་གནས་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱས་པ་དང་བོད་ཤར་རྒྱུད་ཀྱི་ཁྱད་ལྡན་རིག་གནས་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་རིག་རྩལ་འཁྲབ་སྟོན་དང་།མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོནགཞི་རིམ་གྱི་སྒྲོག་འགྲེལ་བཅས་ནང་ཁྱབ་པ།མང་ཚོགས་ཀྱིས་གོ་ཐུབ་པ་དང་མཐོང་ཐུབ་པའི་རིག་གནས་ཀྱི་གཞི་རྟེན་ལ་བརྟེན་ནས་བསམ་བློའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ།ས་མཐོའི་བསམ་བློ་དང་རིག་གནས་ཀྱི་འཐབ་ས་སྲུང་སྐྱོང་ཡག་པོ་བྱས་པ་རེད།

གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་རིམ་གཉིས་བརྟག་ཞིབ་པ་ལི་ཡུས་ཅ་ཡིས“ང་ཚོས་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་མུ་མཐུད་སྲ་བརྟན་དང་སྟོབས་ཆེར་གཏོང་བ་དང་།འདུ་ཤེས་འཛིན་སྟངས་ཀྱི་འཐབ་ས་འཛུགས་སྐྱོང་དང་དོ་དམ་ལ་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ།གསར་འགྱུར་སྨྱན་སྦྱོར་དང་།དྲ་བའི་ལས་སྟེགས།འཆད་ཁྲིད་གླེང་སྟེགསཏང་གི་སློབ་གྲྭ་སོགས་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་འཛུགས་སྐྲུན་དང་དོ་དམ་ཡག་པོ་བཅས་བྱ་རྒྱུ་ཡིན”ཞེས་བཤད།

གྲོང་ཁྱེར་ཤེས་དཔལ་གཞུང་ལས་ཁང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་འཐབ་ས་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས།རིག་རྩལ་དམངས་ཕན་དང་། དང་བླངས་ཞབས་ཞུ། དམངས་སྲོལ་གཙོ་དོན་བཅས་ཀྱི་བྱེད་སྒོ་རྒྱུན་རྣམ་ཅན་ངང་སྤེལ་ནས།ཤེས་དཔལ་ལག་ལེན་བྱེད་སྒོ་གྲོང་གསེབ་དང་སྡེ་ཁུལ་དུ་སྤེལ་ནས།མང་ཚོགས་རྣམས་རང་འགུལ་ངང་རིག་གནས་བྱེད་སྒོའི་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ།ཐུན་མོང་ཐོག་ཤེས་དཔལ་ཡུལ་སྲོལ་སྐྱེད་སྲིང་བྱས་ནས། མང་ཚོགས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་སུ་བཏང་བ་རེད།

གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་འཕྲིན་ལས་ཆོས་མཚོ་ཡིས“ང་ཚོས་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་དང་།མང་ཚོགས་རང་བཞིན་གྱི་ཤེས་དཔལ་ལག་ལེན་བྱེད་སྒོ།རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ་དང་།ཉེ་འགྲམ་གྱི་མིག་དཔེའི་གཏམ་རྒྱུད་ཡག་པོ་ཤོད་པ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་གཡུལ་སར་བརྟེན་ནས་མང་ཚོགས་ལ་འབྲེལ་འདྲིས་ཆེ་བ་དང་།གསོན་ཤུགས་ལྡན་པ།རྒྱུན་མཐུད་ཐུབ་པ།མང་ཚོགས་ཀྱི་དགའ་བསུ་ཐོབ་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་སྤེལ་བ་བཅས་བྱ་རྒྱུ་ཡིན”ཞེས་བཤད། གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུད་ཀྱིས་རིག་དངོས་ཡོངས་བཤེར་དང་གནའ་ཤུལ་སྲུང་སྐྱོང་ཉམས་གསོར་སྐུལ་འདེད་ཏན་ཏིག་བཏང་ནས།ཇ་རྟའི་གནའ་ལམ་དང་ཁ་རུབ་རིག་གནས་སོགས་ལོ་རྒྱུས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱེད་པ་དང་།རིག་དངོས་དོ་དམ་སྲུང་སྐྱོང་དང་འགྲེམས་སྟོན་བེད་སྤྱོད་ཀྱི་ལས་ཀ་ཡག་པོ་སྒྲུབ་པ།རིག་དངོས་ཤུལ་བཞག་མཐོང་ཚོར་ཐུབ་པ་དང་དུས་རབས་གསར་པར་གནའ་བོའི་ཤེས་དཔལ་རྒྱུན་མཐུད་ངང་གསོན་ཤུགས་འཕེལ་བ་བཅས་བྱས་པ་རེད།

གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུད་རིག་དངོས་སྲུང་སྐྱོབ་དང་གནའ་རྫས་རྟོག་ཞིབ་ཁོའི་ཁོའོ་ཀྲང་བཀྲ་རྒྱལ་གྱིས“ཆབ་མདོ་ནི་གནའ་ལམ་མང་པོ་འདྲེས་སར་ཆགས་ཡོད་ཅིང་།ད་ལྟ་རིམ་ཁག་གི་རིག་དངོས་སྲུང་སྐྱོབ་ཚན་པ་676ཡོད་པ་རེད།གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུད་ཀྱིས་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་འགོ་འཛུགས་ས་གསར་པར་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་རིག་གནས་དང་རིག་དངོས་ཐོན་ཁུངས་སྤྱི་འདོམས་བྱེད་པ་དང་།སྤུས་ཚད་མཐོ་བའི་སྒོ་ནས་རིག་དངོས་ཡོངས་བཤེར་ཐེངས་བཞི་པ་མཇུག་བསྡུ་བ།གནའ་རྫས་རྟོག་ཞིབ་ཀྲུང་གོའི་རྣམ་གྲངས་ལ་མུ་མཐུད་སྐུལ་འདེད་གཏོང་བརང་སྐྱོང་ལྗོངས་རིམ་པའི་ཁམས་པའི་རིག་གནས(ཆབ་མདོ)སྐྱེ་ཁམས་སྲུང་སྐྱོང་ཁུལ་ཧུར་ཐག་གཏོད་པ་བཅས་བྱ་རྒྱུ་ཡིན”ཞེས་བཤད།

གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུད་ཀྱིས་གྲོང་ཁྱེར་དང་།རྫོང་།ཤང་།གྲོང་ཚོ་བཅས་རིམ་པ་བཞི་པོའི་སྤྱི་པའི་རིག་གནས་ཞབས་ཞུའི་དྲ་རྒྱ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས། དཔེ་མཛོད་ཁང་དང་།རིག་གནས་ཁང་།གྲོང་གསེབ་ཀྱི་རིག་གནས་བྱེད་སྒོ་ཁང་བཅས་ཀྱི་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱས་ནས་མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ཏེ། མང་ཚོགས་རྣམས་ཀྱིས་ཐག་ཉེ་སར་འཁྲབ་སྟོན་ཐུབ་པ་བྱས་ཏེ་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱས་པ་རེད།

གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུད་སྤྱི་པའི་ཞབས་ཞུའི་ཁོའི་ཁོའོ་ཀྲང་ཝང་ཁྲེང་ལུང་གིས“ང་ཚོས་རིག་གནས་ལ་བརྟེན་ནས་མི་སྐྱོང་བ་དང་།རིག་གནས་ལ་བརྟེན་ནས་དམངས་ལ་ཕན་པ་སྐྲུན་པ།རིག་གནས་ལ་བརྟེན་ནས་བྱ་གཞག་དར་རྒྱས་གཏོང་བ་བཅས་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་སྟེ། སྤྱི་པའི་རིག་གནས་ཞབས་ཞུའི་ཀུན་ཕན་རང་བཞིན་དང་། དོ་སྙོམས་རང་བཞིན། དུས་ཐོག་རང་བཞིན་བཅས་ཆེ་རུ་བཏང་ནས། མི་དམངས་མང་ཚོགས་ལ་བསམ་པའི་རིག་གནས་ཀྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་རྒྱུ་དང་།ཏན་ཏིག་གི་ལས་ཀའི་ཕན་འབྲས་ལ་བརྟེན་ནས“ལྔ་གཏོད་ཆབ་མདོའི”འཛུགས་སྐྲུན་ལ་རམ་འདེགས་བྱ་རྒྱུ་ཡིན”ཞེས་བཤད། ཆབ་མདོ་ཡིས་རིག་གནས་ལ་བརྟེན་ནས་གྲོང་ཁྱེར་སྐྲུན་པ་དང་རིག་གནས་ལ་བརྟེན་ནས་མི་སྐྱོང་བཞིན་ཡོད།ད་ལྟ་ཆབ་མདོར་རིག་གནས་བྱེད་སྒོ་གང་སར་སྤེལ་བ་དང་།མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ།ཤེས་དཔལ་གྱི་སྲོལ་གསར་གཙང་གསུམ་འབབ་ཁུལ་དུ་ཁྱབ་པ་བཅས་བྱུང་ཡོད་པ་རེད།གོམ་སྟབས་རྗེས་མར།ཆབ་མདོ་ཡིས་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས།རིག་གནས་ཐོན་རྫས་སྤུས་ལེགས་ཟམ་མི་ཆད་པར་མཁོ་འདོན་བྱས་ཏེ།མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཇེ་ཚོགས་དང་སྔར་བས་ཇེ་དགའ་ཇེ་སྐྱིད་དུ་བཏང་ནས་རིག་གནས་ཆབ་མདོའི་རྣམ་གསར་གཏོད་རྒྱུ་ཡིན་པ་རེད།