国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月13日

ཆུ་བཅོས་པ་བཞིན་དུ“གྲོང་ཚོར་བཅོས་སྐྱོང”བྱེད་དགོས།

—རི་བོ་ཆེ་རྫོང་གྲོང་སྡོད་ལས་དོན་རུ་ཁག་གི་སྤྱི་ཁྱབ་སྣེ་འཁྲིད་པའི་སྐོར་བཀོད་པ།

རི་བོ་ཆེ་ལ་ཆུ་བེད་ཁོངས་གཏོགས་ནས་ཡོང་བའི་གྲོང་སྡོད་ལས་དོན་རུ་ཁག་གི་སྤྱི་ཁྱབ་སྣེ་འཁྲིད་པ་ཁཱང་ཤིན་ཅན་ནི་རྫོང་ཡོངས་ཀྱི་གྲོང་སྡེ84ཆ་ཚང་ལ་རྒྱུག་ཚར་བ་རེད། སྡེ་ཁུལ་གྱི་གཅིན་སྐྱག་གཙང་སེལ་དང་ལས་བྱེད་པའི་སེམས་འཚབ་སེལ་བ། འཚོ་གནས་ཁོར་ཡུག་ལེགས་བཅོས་སོགས་ལས་དོན་ཡོད་ཚད་ལ་དམིགས་ནས། ཁོང་གིས་ཆུ་བཅོས་པ་བཞིན་དུ་གྲོང་ཚོར་བཅོས་སྐྱོང་གནང་བ་རེད། ཁོང་ནི་རྫོང་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གི་རྐང་འཛིན་པ་ཡག་པོ་ཞིག་ཏུ་གྱུར་དོན་ཅི་ལ་རག་ལས་ཟེར་ན། དེ་ནི་མང་ཚོགས་ཀྱི་ཡིད་ཆེས་ལ་བརྟེན་པ་ཨ་ཅང་བརྗོད་མེད་རེད།

2025ལོའི་ཟླ5པར། རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་ཁཱང་ཤིན་ཅན་རི་བོ་ཆེ་ལ་མངགས་ནས་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་སྡོད་ལས་དོན་རུ་ཁག་གི་སྤྱི་ཁྱབ་སྣེ་འཁྲིད་པ། བཀྲ་ཤིས་སྡེ་ཁུལ་གྱི་གྲོང་སྡོད་ཧྲུའུ་ཅི་དང་པོར་བསྐོས་པ་རེད། དེང་སྐབས་ཁོང་གིས་རྫོང་ཡོངས་ཀྱི་ཤང་གྲོང་རྡལ10དང་གྲོང་སྡེ84ཡི་གནས་ཚུལ་ཁ་ནང་ལྕེ་རྒྱུས་ལྟར་ཡིན་པ་རེད།

རྫོང་ཡོངས་སུ་མི་གྲངས་མང་ཤོས་བཀྲ་ཤིས་སྡེ་ཁུལ་ཡིན། དེ་ལ་དུད་ཚང358དང་མི་གྲངས1928ཡོད། དེ་དག་ནི་ཤང་གྲོང་རྡལ་དགུ་ནས་ཡོང་བའི་མང་ཚོགས་ཤ་སྟག་ཡིན། གཞི་རིམ་བཅོས་སྐྱོང་ལའང་དཀའ་ངལ་དང་སེམས་ཁྲལ་སྣ་ཚོགས་འཕྲད་བཞིན་ཡོད། རི་བོ་ཆེ་རྫོང་ས་མདོ་གྲོང་རྡལ་བཀྲ་ཤིས་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨོ་རྒྱན“ མང་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ལ་ང་ཚོའི་སྡེ་ཁུལ་ལ་དྲི་མ་ངན་པ་ཁ་བཞིན་འདུག གལ་སྲིད་ཁྱོད་ཚོས་ཐག་གཅོད་མ་བྱས་ན། ཁྱོད་ཚོ་གྲོང་ཚོར་བཅའ་སྡོད་ཡོང་ནས་ཅི་བྱ་ཟེར་མཁན་བྱུང”ཞེས་བཤད།

རི་བོ་ཆེ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་སྡོད་ལས་དོན་རུ་ཁག་གི་སྤྱི་ཁྱབ་སྣེ་འཁྲིད་པ། བཀྲ་ཤིས་སྡེ་ཁུལ་གྱི་གྲོང་སྡོད་ཧྲུའུ་ཅི་དང་པོ་ཁཱང་ཤིན་ཅན་གྱིས“ང་ཚོར་དོན་དག་ཧ་ཅང་དཀའ་མོ་ཞིག་འཕྲད་བྱུང་།ལས་རྒྱུ་འདི་བཙོག་པ་ཞིག་ཡིན་པས་དངུལ་སྤྲད་ཀྱང་ལས་མཁན་ཡོད་རྒྱུ་མ་རེད།དེ་ནས་ངས་རྫོང་གྲོང་ཁྱེར་དོ་དམ་ཅུད་ལ་འབྲེལ་བ་བཟོས་ནས། གཅིན་སྐྱག་ལྡུད་བྱེད་ཀྱི་མོ་ཊ་བཏང་ནས་ཉི་མ་བཅུ་ལ་ལས་པས་གཞི་ནས་སྡེ་ཁུལ་གྱི་གཅིན་སྐྱག་ཚང་མ་གཙང་སེལ་བྱེད་ཐུབ་ཙམ་བྱུང”ཞེས་བཤད།

རི་བོ་ཆེ་རྫོང་ས་མདོ་གྲོང་རྡལ་བཀྲ་ཤིས་སྡེ་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་ཚེ་རིང་ཟླ་བ་ཡིས“ང་ཚོ་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ཨུ་ལྷན་གཉིས་དང་མཉམ་དུ་ལས་པ་ཡིན།ལས་ཚར་རྗེས་ལུས་པོ་བཀྲུས་ནས་ཉི་མ་ཁ་ཤས་སོང་ཡང་ད་རུང་ལུས་པོར་སྐྱག་དྲི་ཁ་བཞིན་འདུག”ཅེས་བཤད།

ཁོང་ཚོའི་གཏམ་རྒྱུད་ལ་ཉན་དུས། ངས་ཀྱང་བསམ་བློ་ཞིག་བཏང་བ་ཡིན། གྲོང་གསེབ་དར་རྒྱས་གཏོང་རྒྱུ་ནི་མི་ཚང་མའི་རེ་བ་ཡིན། དེང་རབས་ཅན་གྱི་སྡེ་ཁུལ་ནི་དེང་རབས་ཅན་གྱི་བཅོས་སྐྱོང་བྱེད་ལུགས་ཀྱི་ལྟ་བ་དང་འབྲལ་ཐབས་མེད།གྲོང་སྡོད་ལས་བྱེད་པ་དང་གྲོང་ཚོའི་ཨུ་ལྷན་གཉིས་ནི་རྐང་འཛིན་གྱི་སྟོབས་ཤུགས་ཡིན་ཡང་གྲོང་གསེབ་ལ་གསོན་ཤུགས་རྣམ་པར་རྒྱས་དགོས་ན་མཐར་ཐུག་མང་ཚོགས་ལ་བརྟེན་དགོས།

ད་ལོར་སྐབས་བརྗེ་དུས་དམངས་གཙོའི་དཔྱད་འཇོག་དང་ཕྱོགས་བསྡུས་བརྟག་དཔྱད་བྱས་པ་བརྒྱུད།གྲོང་ཚོའི་ཀྲུའུ་རེན་ཨོ་རྒྱན་ནི་ཧྲུའུ་ཅི་དང་ཀྲུའུ་རེན་གྱི་འོས་མིར་བདམས་པ་དང་།དེ་སྔའི་ཧྲུའུ་ཅི་དཀོན་མཆོག་སྒྲོལ་མ་ནི་ལྟ་སྐུལ་ཨུ་ཡོན་གྱི་འོས་མིར་བདམས་པར་བརྟེན། དང་ཐོག་ཁོ་མོ་འདི་ལ་ཡིད་ཅུང་མ་རངས་པར་བྱུང་།

དཀོན་མཆོག་སྒྲོལ་མས་ཧུར་ཐག་འབད་ཐག་གནང་བཞིན་པ་མཐོང་དུས།ངའི་སེམས་ལ་ཁོ་མོ་དང་ཐོག་བློ་ཕམ་བྱུང་ཡང་ད་ལྟ་སྔར་བཞིན་དཀའ་སྤྱད་འབད་བརྩོན་གནང་བའི་འགྱུར་ལྡོག་འདི་ལྟ་བུ་ནི་ལས་གནས་བརྗེ་བ་ཙམ་དུ་མ་ཡིན་པར་དེ་ནི་ངང་རྒྱུད་རིང་པོས་ཁ་ཏ་གོ་སྐོན་དང་རང་ངོ་རང་གིས་ཆོད་པའི་བརྒྱུད་རིམ་རིང་མོ་ཞིག་ཡིན་པ་རྟོགས་བྱུང་།

ལོ་ངོ་འདི་དག་རིང་། རི་བོ་ཆེ་ལ་ག་དུས་འགྲོ་ཡང་སྔར་དང་མི་འདྲ་བའི་རྣམ་པ་ཞིག་མཐོང་རྒྱུ་ཡོད།ཐོག་བརྩེགས་ཁང་ཆེན་སྔར་ལས་མཐོ་ལ་འགྲོ་ལམ་སྔར་ལས་ཡངས་པ། ཁྲོམ་གཞུང་དུ་ཚོང་ཁང་ཡང་ཇེ་མང་རེད། མི་རྣམས་ཀྱི་གདོང་ནས་སྤོབས་པའི་འཛུམ་མདངས་ཤིག་ཤིག་ཏུ་མངོན་རྒྱུ་འདུག