འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10ཚེས11ཉིན་གྱི་སྔ་དྲོ།ཆབ་མདོ་གྲོང་ཁྱེར་གྱི་མཁོ་འཚོང་ཁྲོམ་ཚོགས་སྐབས་གཉིས་པའི“བོད་ཤར་གཅེས་ནོར་ཀུན་འཛོམས་ལ།གྲངས་འཛིན་མཁོ་འཚོང་སྒོ་མོ་འབྱེད”ཅེས་པའི་བྱེད་སྒོ་དེ་ཇ་རྟའི་ཐང་ཆེན་དུ་འགོ་ཚུགས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ། རྫོང་ཆུས11གི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་སྣ་ཚོགས་སྡེབ་གཅིག་ཏུ་བཤམས་ཡོད་པ་རང་ཡུལ་གྱི་ཁྱད་ཆོས་རྣམ་པར་གསལ་བས་གྲོང་མི་མང་པོ་ཞིག་ཉོ་སྒྲུབ་བྱེད་པར་ཕེབས་ཤིང་ཡུལ་དངོས་སུ་འཚང་ཁ་ཧ་ཅང་ཆེ་ལ་ཚོང་གི་ཡོ་ལང་རབ་ཏུ་རྒོད།
ཐོན་རྫས་འགྲེམས་འཚོང་ཕུད། བྱེད་སྒོའི་ཐོག་ད་དུངAIམཉམ་འགུལ་མྱོང་རོལ་དང་དྲ་ཐོག་ཐད་གཏོང་གི་ཚོང་ལས་སོགས་བཀོད་སྒྲིག་བཟོས་ཡོད། དྲ་ཐོག་ལ་ལྗོངས་ཕྱི་ནང་གི་དྲ་རྒྱའི་ཚོང་སྟེགས་ཆེ་ཁག་རྣམས་མཉམ་ཞུགས་བྱས་ཏེ། རྟགས་བཤེར་ཉོ་སྒྲུབ་དང་ཅ་ལག་སྒོ་ཁར་སྐྱེལ་བའི་ཞབས་ཞུ་སྒྲུབ་ཐབས་བཏོན་ནས། དྲ་ཐོག་དང་ཡུལ་དངོས་གཉིས་ཀ་ནས་ཚོང་ལམ་བཏོད་ཅིང་། ཆབ་མདོའི་སྤུས་ལེགས་ཐོན་རྫས་གངས་ལྗོངས་མཐོ་སྒང་གི་རི་ཀླུང་ལས་བརྒལ་ཏེ་ཕྱི་ཕྱོགས་ལ་སྤེལ་ཐུབ་པ་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མཁོ་འཚོང་ཁྲོམ་ཚོགས་འདི་ཉིན་ལྔ་ལ་སྤེལ་རྒྱུ་ཡིན་པ་དང་། ཆེད་དོན་འཛད་སྤྱོད་སྐུལ་སྤེལ་གྱི་བྱ་སྤྱོད་དང་བསྟུན་ནས། སྲིད་གཞུང་གིས་ཁ་གསབ་སྤྲད་པ་དང་ཁེ་ལས་ཀྱིས་ཁེ་སྤྲོད་པའི་ཉོ་ཚོང་གི་ལམ་ནས། མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་བདེ་ཐོབ་པ་དང་ཆབ་མདོའི་ཁྱད་ལྡན་ཐོན་རྫས་ཀྱི་ཁྱད་ཆོས་ཀུན་ཏུ་བསྒྲགས་ཏེ། མཐོ་སྒང་གི་སྤུས་ལེགས་ཐོན་རྫས་སྒོ་ཀུན་ནས་འོས་སྦྱོར་གྱིས་རང་ཡུལ་གྱི་ཐོན་རྫས་དག་གི་ཚོང་ལམ་ཁོད་ཇེ་ཡངས་དང་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་ཇེ་རྒྱས་སུ་བཏང་ཡོད་པ་རེད།

