ལོ་ཆེ་ཆུང་ལ་མི་བལྟོས་པར་བྱིས་པ་རེ་རེས་ཁྱིམ་བདག་གི་དོ་སྣང་བྱེད་པར་རེ་བ་བྱེད། བྱིས་པའི་རེ་ཞུ་རེ་རེ་དང་སེམས་ཁམས་མི་སྐྱིད་པ་རེ་རེའི་རྒྱབ་ལོགས་སུ་དེ་མཐུན་གྱི་རྒྱུ་རྐྱེན་རེ་ཡོད། རྒྱུ་རྐྱེན་དེ་དག་ནི་ཁོ་ཚོའི་མིག་ནང་དུ་ཚང་མ་དོན་ཆུང་མིན། ཁྱིམ་བདག་ཅིག་ཡིན་པའི་ཆ་ནས། ཆེས་ལེགས་པའི་བློ་སྦྱོང་ནི་ངང་རྒྱུད་རིང་མོས་བྱིས་པས་སྐད་ཆ་བཤད་ཚར་རག་བར་དུ་ཉན་པ་དང་། ཁོ་ཚོའི་སེམས་གཏམ་ལ་ཉན་པ། ཁོ་ཚོའི་མྱོང་ཚོར་ལ་གཅེས་སྐྱོང་བྱེད་པ་བཅས་རེད།
རྣམ་འགྱུར་དྲང་བར་བྱས་ཏེ་བྱིས་པ་ལ་ཁྱོད་ཀྱི་སེམས་ཚོར་དུ་འཇུག་དགོས།
བྱིས་པས་སྐད་ཆ་བཤད་འདོད་པའི་སྐབས་སུ། ཁྱིམ་བདག་གིས་ལག་གི་ལས་ཀ་བསྐྱུར་དགོས་ཤིང་། བྱིས་པའི་མིག་ལ་བལྟས་ཏེ་བྱིས་པས་བཤད་པའི་སྐད་ཆ་རེ་རེར་བློ་རྩེ་གཅིག་སྒྲིམ་གྱིས་ཉན་དགོས། དཔེར་ན། ཁྱིམ་བདག་གིས་རང་བཞིན་གྱིས་མིག་མདངས་ལས་ཧ་ལས་པ་དང་དགའ་བའི་ཉམས་སྟོན་ཆོག་ལ། འཛུམ་དམུལ་བ་དང་མགོ་ནང་དུ་འགུག་པའམ་ཡང་ན་བྱིས་པའི་ཕྲག་པར་རྡེབ་པ་སོགས་ལ་བརྟེན་ནས་བྱིས་པས་སེམས་གཏམ་བཤད་པར་སྐུལ་མ་བྱེད་ཆོག འོན་ཀྱང་བྱིས་པས་སྐད་ཆ་བཤད་དུས་བཤད་མཚམས་གཏན་ནས་གཅོད་མི་རུང་བ་ཡིད་ལ་འཛིན་དགོས། དེ་ལྟར་བྱས་ཚེ་བྱིས་པ་ལ་ཁྱོད་ཀྱིས་ནན་ཏན་གྱིས་ཉན་བཞིན་པ་ཚོར་དུ་འཇུག་ཐུབ་པས། ཁོའི་སེམས་པ་རང་དབང་མེད་པར་ལྷོད་ལ་འབབ་ཐུབ། དེ་ནི་བྱིས་པས་ཐོགས་པ་མེད་པར་བརྡ་སྤྲོད་པ་དང་སྤྲོ་བ་དང་བཅས་ཏེ་སེམས་གཏམ་བཤད་པར་ཤིན་ཏུ་གལ་ཆེ་ཞིང་། བྱིས་པ་ལ་གཞན་གྱིས་བརྩི་བཀུར་བྱེད་པའི་ཚོར་བ་སྟེར་ཐུབ་ལ། སྐད་ཆའི་བརྡ་སྤྲོད་པའི་སྟོབས་ཀྱང་ཇེ་ལེགས་སུ་འགྲོ་ངེས།
བྱིས་པའི་སེམས་ཁམས་འགྱུར་ལྡོག་ལ་ཞིབ་ལྟ་དང་དོ་སྣང་བྱེད་དགོས།
བྱིས་པའི་སེམས་གཏམ་ལ་ཉན་དུས། ཁྱིམ་བདག་གིས་སྐད་ཆ་མ་ཡིན་པའི་ཆ་འཕྲིན་ལ་ལྷག་པར་མཉམ་འཇོག་དགོས། དཔེར་ན། བྱིས་པའི་གདོང་གི་རྣམ་འགྱུར་དང་སྐད་ཆའི་གདངས། ལུས་ཀྱི་རྣམ་འགྱུར་སོགས་ལྟ་བུ། བྱིས་པའི་ཕྱོགས་སུ་འགྲེངས་ཏེ་བདག་གཞན་མཉམ་བརྗེའི་བསམ་བློ་བཏང་ཚེ། ད་གཟོད་ཁྱོད་ཀྱིས་བྱིས་པའི་སེམས་ཁམས་ལ་སྔར་ལས་རྒྱུས་ལོན་བྱེད་ཐུབ། བྱིས་པ་དཀའ་ངལ་གྱི་གནས་སུ་ལྷུང་ཡོད་དུས། དོན་དངོས་སུ་ཁོ་ལ་ཆེས་མཁོ་བ་ནི་ཁྱིམ་བདག་གིས་ཁོའི་སྡུག་བསྔལ་མཉམ་དུ་མྱོང་ཐུབ་པ་དེ་ཡིན་ཞིང་། ཁོ་ཚོའི་གནས་སྐབས་ཀྱི་སེམས་ཁམས་མི་སྐྱིད་པ་དེ་ཚོར་ཏེ། ཁོ་ཚོར་སེམས་ཁམས་མི་སྐྱིད་པ་དེ་ཡང་དག་པའི་སྒོ་ནས་ཕྱིར་མངོན་དུ་འཇུག་ཤེས་པར་རོགས་རམ་བྱ་རྒྱུ་དེ་རེད། ཁྱིམ་བདག་ཅིག་ཡིན་པའི་ཆ་ནས། བྱ་བའི་མགོ་མཇུག་བར་གསུམ་ལ་ནན་ཏན་གྱིས་མཉན་རྗེས། དོན་དག་དེའི་ཐད་ནས་བྱིས་པས་བསྒྲུབས་པ་ལེགས་པའི་ཆ་ལ་ཁས་ལེན་བྱེད་པ་དང་ལས་འཛོལ་བྱུང་བའི་ཆ་གསལ་བར་སྟོན་དགོས་པར་མ་ཟད། ད་དུང་བྱིས་པ་ལ་རྗེས་ཕྱོགས་དོན་དག་དེ་ལྟ་བུ་ལ་འཕྲད་ཚེ་ཇི་ལྟར་ཐག་གཅོད་དགོས་ཚུལ་བཤད་དགོས།
བྱིས་པ་ལ་ངང་རྒྱུད་རིང་བར་བྱས་ཏེ་གང་འདོད་དུ་ཁོའི་བཤད་མཚམས་གཅོད་མི་རུང་།
བྱིས་པར་སློབ་གསོ་གཏོང་བར་དུས་ཡུན་རིང་པོར་ངང་རྒྱུད་རིང་མོ་བྱེད་དགོས་ཤིང་། སྒོས་སུ་གང་འདོད་དུ་བྱིས་པའི་བཤད་མཚམས་གཅོད་པའི་ཧོལ་རྒྱུགས་ཀྱི་རྣམ་པ་ཚོད་འཛིན་བྱེད་དགོས། ང་ཚོ་གོམས་ལོབས་སུ་སོང་བའི་དབང་གིས་དར་མའི་བསམ་བློ་གཏོང་སྟངས་ཀྱིས་བྱིས་པའི་སྐད་ཆ་དང་སྦྱོར་བར་ཞིབ་ལྟ་བྱེད་པ་དང་། དུས་མཚུངས་སུ་ཁོ་ཚོས་སྐད་ཆ་ཆ་ཚང་ཞིག་བཤད་ཚར་བར་ཉན་པའི་བཟོད་བསྲན་མེད་པའི་སྐབས་སུ། ང་ཚོས་ཐོག་མ་ཉིད་ནས་བྱིས་པའི་སྐད་ཆ་དང་སྦྱོར་བར་འགྲིག་མིན་གྱི་བརྡར་ཤ་གཅོད་སླ་ལ། དེས་བྱིས་པར་མ་ཉེས་ཁ་གཡོགས་དང་གོ་འཛོལ་འབྱུང་དུ་འཇུག་པར་མ་ཟད། ཐ་ན་ཤེས་མེད་ཚོར་མེད་ངང་བྱིས་པའི་ཉམ་ཆུང་གི་སེམས་པར་གནོད་པ་བཟོ་ཡང་སྲིད། ཁྱིམ་བདག་ཅིག་ཡིན་པའི་ཆ་ནས། ང་ཚོས་དེ་ལྟ་བུའི་གོམས་ལོབས་སུ་སོང་བའི་བསམ་གཞིག་བྱེད་སྟངས་ལ་དོགས་ཟོན་བྱེད་དགོས་ཏེ། དར་མ་རྣམས་ཀྱི་བསམ་བློ་གཏོངས་སྟངས་ལྟར་བྱིས་པའི་སྦྱོར་བ་རེ་རེའི་ཀུན་སློང་ལ་སྟབས་བདེ་ངང་ཚོད་དཔག་བྱེད་མི་འོས་ཤིང་། འཕྲལ་མར་ཁོ་ཚོར་དགག་པ་རྒྱག་པའམ་ཡང་ན་དག་བཅོས་ལྷག་ཏུ་བྱེད་མི་འོས། དེ་ལས་ལྡོག་སྟེ། ང་ཚོས་བྱིས་པ་ལ་དུས་ཚོད་དང་བར་སྟོང་འདང་ངེས་ཤིག་སྟེར་འོས་ཤིང་། ཁོ་ཚོས་རང་གི་ལག་སྣེའི་ལས་ཀ་བག་ཕེབས་པར་ལས་ཚར་བར་ཆོག་མཆན་གནང་བ། སེམས་རྣལ་དུ་ཕབ་ཅིང་ལྷག་བསམ་ཟོལ་མེད་ཀྱིས་ཁོ་ཚོས་སྐད་ཆ་བཤད་ཚར་རག་བར་དུ་ཉན་དགོས། བྱིས་པ་ལ་བརྩི་བཀུར་བྱེད་པ་ནི། ངེས་པ་དོན་གྱིས་ཁོ་ཚོའི་མཐོང་སྣེ་ལ་རྒྱུས་ལོན་བྱེད་འདོད་པ་མཚོན་པ་དང་། ཁོ་ཚོས་རང་གི་མྱོང་ཚོར་དང་བསམ་ཚུལ། རྒྱུ་རྐྱེན་བཅས་ཁ་གསལ་པོས་བཤད་པར་སྐུལ་མ་བྱེད་ཅིང་རེ་སྒུག་བྱེད་པ་མཚོན་ཡོད། དེ་ནི་ད་གཟོད་ཁྱིམ་བདག་གིས་འཁུར་དགོས་པའི་འགན་འཁྲི་གལ་ཆེན་ཞིག་ཡིན་ནོ།།
ང་ཚོའི་འཚོ་བའི་ཁྲོད་དུ་སྐད་ཅིག་མ་རེ་རེར་སྒྲ་རྣམ་པ་སྣ་ཚོགས་ཐོས་ཐུབ་སྟེ། ཁྲོམ་རའི་འུར་སྒྲ་དང་། རང་བྱུང་ཁམས་ཀྱི་ཆར་རླུང་གི་སྒྲའམ་ཡང་ན་མི་གཞན་གྱིས་ཁ་བརྡ་བཤད་པའི་སྒྲ་ལྟ་བུ། ཕྱི་རོལ་གྱི་སྒྲ་དེ་དག་ནི་ཚོར་བ་སྐྱེན་པའི་རྣ་བ་ཟུང་གིས་ཐོས་ཐུབ་མོད། དེ་དང་བསྡུར་ན། བྱིས་པའི་སེམས་ཀྱི་སྐད་ཆར་རྒྱུས་ལོན་བྱེད་རྒྱུ་ནི་རྣ་ཡི་དབང་པོ་ཁོ་ནས་འགྲུབ་པའི་འགན་འཁུར་ཞིག་ག་ལ་ཡིན། བྱིས་པའི་བརྩེ་བ་དང་བསམ་ཚུལ་ནི་རྒྱུན་པར་སྐད་ཆའི་ལམ་ནས་ཐད་ཀར་མི་མངོན་པར། དེ་ནི་རྣམ་འགྱུར་ཕྲ་མོ་དང་ཁ་རོག་གེར་འདུག་པའི་དུས་ཡུན་ནམ་ཡང་ན་བསམ་བཞིན་དུ་སྒྲུབ་པ་མིན་པའི་བྱ་སྤྱོད་ཀྱི་ཁྲོད་དུ་སྦས་ཡོད། དེར་བརྟེན། ངེས་པ་དོན་གྱིས་བྱིས་པའི་སེམས་ཀྱི་མྱོང་ཚོར་ཤེས་དགོས་ཚེ། རྣ་ཡིས་ཉན་པའམ་མིག་གིས་ལྟ་བ་ཁོ་ནར་བརྟེན་མི་རུང་བར། ངེས་པར་སེམས་པ་དང་སེམས་པའི་ལྷག་བསམ་ཟོལ་མེད་ཀྱི་འབྲེལ་འདྲིས་ལ་བརྟེན་དགོས། ང་ཚོས་མི་དར་མའི་སྔོན་བཀོད་འཆར་གཞིའམ་སྒྲིག་ལམ་བསྐྱུར་ཏེ། འདྲ་མཉམ་དང་དང་ལེན་བྱེད་པའི་རྣམ་འགྱུར་གྱིས་བྱིས་པའི་སེམས་ཀྱི་འཇིག་རྟེན་དུ་འཛུལ་བ་དང་། སེམས་པ་གཉིས་ཁ་བརྡའི་ཁྲོད་དུ་ཡང་མོའི་ངང་འདྲེས་པ་དང་ཕན་ཚུན་རམ་འདེགས་བྱེད་དུ་བཅུག་ཚེ།སྐད་ཆའི་ལམ་ནས་གསལ་པོར་བཤད་མ་ཐུབ་པའི་བརྩེ་བའི་མགོ་མཇུག་བར་གསུམ་དང་བསམ་བློའི་འོད་ཕྲན་དེ་དག་ད་གཟོད་རིམ་བཞིན་གསལ་བར་འགྱུར་ཞིང་ངེས་པ་དོན་གྱིས་ཐོས་པར་འགྱུར། ཁྱིམ་བདག་གིས་དུས་དང་རྣམ་པ་ཀུན་ཏུ་ཡིད་ལ་འཛིན་དགོས་པ་ནི།ང་ཚོ་ནི་བྱིས་པར་སློབ་གསོ་གཏོང་མཁན་ཁོ་ན་ཙམ་མ་ཡིན་པར།བྱིས་པའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་འགྲོ་རོགས་འདུག་རོགས་བྱེད་མཁན་དང་དེ་ལ་རོགས་རམ་གནང་མཁན་ཡིན།གལ་ཏེ་བྱིས་པར་གཅེས་ན།ཁོ་ཚོ་འཚར་ལོངས་འབྱུང་བར་དོ་སྣང་བྱེད་པ་དང་།ངང་རྒྱུད་རིང་མོས་ཁོ་ཚོའི་སེམས་གཏམ་ལ་ཉན་པ།བྱིས་པའི་དྭངས་གཙང་ལྷད་མེད་ཀྱི་སེམས་ཁོང་དུ་དལ་གྱིས་འཛུལ་བ།བྱིས་པ་ལ་བརྡ་སྤྲོད་ཤེས་སུ་འཇུག་པ་བཅས་བྱེད་དགོས།དེ་ལྟར་བྱས་ཚེ།ད་གཟོད་ཕ་མ་ནི་བྱིས་པ་འཚར་ལོངས་འབྱུང་བའི་བགྲོད་ལམ་སྟེང་གི་ལམ་སྟོན་པར་འགྱུར་ཐུབ།
(མཚོ་སྔོན་བོད་ཡིག་གསར་འགྱུར་ལས་དྲངས)

