{བརྡ་ཆད་གཙོ་བོ} མཐོ་རྒྱུགས། བོད་ཡིག རྒྱུགས་ཤོག དབྱེ་ཞིབ།
{ནང་དོན་གནད་བསྡུས} འདིར་མཐོ་གསུམ་སློབ་མའི་བོད་སྐད་ཡིག་རྒྱུགས་གཞིའི་ནང་དོན་གཙོ་ཆེ་ཁག་དྲུག(འདེམ་འཇུག་དྲི་གཞི་དང་། སྟོང་ཆ་ཁ་སྐོང་། དྲི་བར་ལན་འདེབས་པ། ལྟ་ཀློག་དབྱེ་ཞིབ། འཚོལ་དཔྱད་རང་བཞིན་གྱི་དྲི་གཞི། རྩོམ་ཡིག)དང་འབྲེལ་༢༠༡༩ལོ་དང་༢༠༢༠ལོའི་བོད་སྐད་ཡིག་གི་རྒྱུགས་གཞི་གཉིས་ཀུན་སློང་གཙང་མའི་སྒོས་ཞིབ་བསྡུར་བྱས་ཡོད།
དང་པོ། དཔྱད་རྩོམ་འདི་འབྲི་དགོས་པའི་བསམ་པའི་ཀུན་སློང་།
སྤྱིར་སློབ་མ་རང་སྟེང་ནས་བཤད་ན་མཐོ་རྒྱུགས་ནི་ཁོ་ཚོའི་མི་ཚེ་གཅིག་གི་མདུན་ལམ་དང་འབྲེལ་བ་དམ་པོ་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད། དགེ་རྒན་ཞིག་གི་གོ་མིང་ཐོབ་པ་ནས་བཟུང་། ང་ཚོས་ཤེས་བྱ་ལ་བརྟེན་ནས་ཁོང་ཚོའི་ལས་དབང་ལ་ཁ་ལོ་བསྒྱུར་བ་དང་ཁྱིམ་ཚང་ཕལ་བ་ཞིག་སྐྱིད་པའི་ལམ་ལ་འདྲེན་པ། མི་འཇོན་ཐང་ཅན་ཞིག་དང་བླང་དོར་གྱི་གནས་ལ་མི་རྨོངས་བ་ཞིག སེམས་ལ་རྒྱུ་འབྲས་ཀྱི་རྣམ་དཔྱོད་ལྡན་པ་ཞིག་སྐྱེད་སྲིང་བྱེད་པ་ལ་དུས་དང་རྣམ་པ་ཀུན་དུ་ཡོད་ཚད་སློབ་མའི་ཆེད་དུ་བརྩོན་བཞིན་ཡོད་པ་ནི་ང་ཚོའི་གཟི་བརྗིད་དུ་སྒོམ་ཏེ་བརྩིས། དེས་ན་ང་ཚོས་ཤེས་བྱ་སློབ་པ་ཁོ་ན་ལ་མགོ་འཁོར་ནས་བསྡད་ན་མི་ཆོག་པར་ད་དུང་རྒྱུགས་ཤོག་གི་ཁྱད་ཆོས་དུས་ཀྱི་འགྱུར་བ། ནང་དོན། སླ་དཀའ་ཟུང་འབྲེལ་ཇི་ལྟར་ཡིན་པ། བསམ་གཞིག་གི་ཟུར་མང་བ། གང་འདྲ་ལྡན་མིན་སོགས་ལ་བསམ་གཞིག་གང་ལེགས་བྱས་ནས་ཚན་རིག་དང་མཐུན་པ། སྤྱི་འགྲོས་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་ལེགས་པོ་ཞིག་བྱེད་ཐུབ་ན་གང་ལ་གང་འཚམ་གྱི་འབྲས་བུ་ཐོབ་པ་ནི་སྨོས་མེད་ཡིན་པས། འདིར་ངས་རྒྱུགས་གཞི་དབྱེ་ཞིབ་སྐོར་ལ་རང་གི་ནུས་ཚོད་ཀྱིས་དཔྱད་ཁུལ་ཅུང་ཙམ་བྱ་རྒྱུ་ཡིན།
གཉིས་པ། ༢༠༢༠ལོའི་སྤྱིའི་བརྒྱ་ཆའི་སྐར་གྲངས་ཟིན་ཚད།
2020ལོའི་བོད་རང་སྐྱོང་ལྗོངས་སྤྱིར་བཏང་མཐོ་རིམ་སློབ་གྲྭར་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་ལེན་ལས་བོད་སྐད་ཡིག་གི་རྒྱུགས་གཞིའི་སྤྱིའི་བརྒྱ་ཆའི་སྐར་གྲངས་ཟིན་ཚད་ནི་རྩོམ་འབྲིའི་ཤེས་བྱའི37%དང་། མིང་དང་ཚིག་གིས20%སུམ་རྟགས་ཀྱིས་12%རྩོམ་རིག་བརྩམས་ཆོས་ཀྱིས12%སྲོལ་རྒྱུན་སྙན་ངག་གིས་10% ཚད་མ་རིག་པའི7%སྐད་གཉིས་ཤན་སྦྱར་གྱིས་2%བཅས་ཟིན་ཡོད་ལ། སྤྱིར་བོད་ཀྱི་ཡི་གེ་ཀུན་གྱི་ཕྱི་མོའམ་རྩ་བ་ནི་མིང་དང་ཚིག སུམ་ཅུ་བའི་ཕྲད་ཀྱི་སྦྱོར་ཚུལ། རྟགས་འཇུག་གི་དུས་གསུམ་འགྱུར་བ་སོགས་ཡིན་པ་ནི་ཀུན་གྱིས་ཤེས་གསལ་རེད། རྟགས་འཇུག་གི་རྩ་བ་ལས་“ཡི་གེའི་ཁོངས་ནས་མིང་དབྱུང་ཞིང་།། མིང་གི་ཁོངས་ནས་ཚིག་ཕྱུང་སྟེ།། ཚིག་གིས་དོན་རྣམས་སྟོན་པས་སོ།།”[ ཟླ་སྒྲོན།《ཀུན་གསལ་སྒྲོན་མེ》མི་རིགས་དཔེ་སྐྲུན་ཁང་། {M} p༣]ཞེས་པ་དེས་ཀྱང་མིང་དང་ཚིག་གི་གལ་ཆེ་རང་བཞིན་གསལ་པོ་བསྟན་ཡོད། དཔེར་ན་རྩ་བ་མ་རྒྱས་པའི་སྡོང་བོ་ཞིག་ལ་ཡལ་ག་དང་འབྲས་བུ་མི་སྨིན་པའི་ཆོས་ཉིད་ལྟར་ང་ཚོས་ཀྱང་དུས་རྒྱུན་སློབ་ཁྲིད་འཚོགས་དུས་སུ་རྗོད་པ་ཚིག་དུམ་གཅིག་གི་ནང་དུ་འདུས་བའི་མིང་ལ་འགྲེལ་བ། ཚིག་གི་ཁྱད་པར། ཕྲད་ཀྱི་འཇུག་ཚུལ། དུས་གསུམ་སྐུལ་ཚིག་དང་བཅས་པ་འགྲེལ་བཤད་ཡང་དག་པ་གོ་བདེ་བ་རེ་བཤད་པ་གོམས་གཤིས་སུ་ཆགས་ནས་ནན་བཤད་དང་བསྐྱར་བཤད། སུན་སྣང་མེད་པའི་སྒོ་ནས་སློབ་མའི་རྒྱུད་ལ་འཇོག་གང་ཐུབ་ལ་བརྩོན་དགོས། དཔེར་ན།མཐོ་རྒྱུགས་ཀྱི་ནང་དུ་སུམ་ཅུ་པའི་ནང་དོན་ཧ་ཅང་ཉུང་བ་རྒྱུ་མཚན་དུ་དྲངས་ནས་ད་ལོར་མཐོ་གསུམ་གྱིས་སུམ་ཅུ་པའི་ཕྲད་ཀྱི་སྦྱོར་ཚུལ་དང་དོན་གྱི་འཇུག་ཚུལ་སོགས་གཙོ་གནད་དུ་མ་བཟུང་ཚེ་རྩོམ་ཡིག་ཡག་པོ་ཞིག་འབྲི་བའི་རྨང་གཞི་ཡང་གྲུབ་མི་ཐུབ། དེར་བརྟེན།སུམ་རྟགས་དག་གསུམ་གྱི་རྨང་གཞིའི་སྟེང་རྩོམ་འབྲིའི་ཤེས་བྱ་སྦྱོང་བརྡར་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། གོང་གསལ་གྱི་དབྱེ་ཞིབ་འདི་ལས་མཐོ་རྒྱུགས་ཀྱི་རྒྱུགས་ཤོག་གི་གྲུབ་ཆའམ་ཡང་ན་སྐར་གྲངས་མང་ཆེ་བ་ནི་བོད་ཡིག་རྨང་གཞི་ཤེས་བྱའི་སུམ་རྟགས་དག་ལས་གྲུབ་ཡོད་པ་མངོན་སུམ་ཚད་མའོ།
གསུམ་པ། ༢༠༡༩ལོ་དང་༢༠༢༠ལོའི་བོད་སྐད་ཡིག་གི་རྒྱུགས་ཤོག་ཞིབ་བསྡུར།
གཞུང་ལས།“ སྐྱོན་དང་ཡོན་ཏན་སྒྲོགས་པ་ན།། སྙན་ངག་མཁན་གྱི་ལུགས་བཞིན་དུ།། བྱ་རྒོད་ཕུང་པོའི་རི་ལ་ཡང་།། མཐོ་བ་ཟླུམ་པ་ལ་སོགས་བཤད།། བོད་ཀྱི་ཐང་ཆེན་ཇི་བཞིན་དུ།། འཕགས་པའི་ཡུལ་གྱི་རི་ཆེན་ཡིན།། དེ་ལྟར་འཆད་ལ་སྙན་ངག་མཁན།། སྐྱོན་དུ་བརྩི་བ་གང་ཡང་མེད།། ”[ རྡོ་རྗེ་རིན་ཆེན། 《རྩོམ་རིག་གཞུང་ལུགས་གནད་བསྡུས》{M} མི་རིགས་དཔེ་གསྐྲུན་ཁང་། P ༡༢༣]ཅེས་གསུངས་པ་ལྟར། བརྩམས་ཆོས་ལ་གདེང་འཇོག་བྱེད་མཁན་ནི་ཀློག་པ་པོ་དང་དཔྱད་བརྗོད་པ་ཡིན།
ཀློག་པ་པོའི་ཁས་ལེན་བརྒྱུད་ནས་ད་གཟོད་ས་རྒྱ་ཆོད་དགོས་པ་རེད་ལ། འདིར་མཐོ་འབྲིང་སློབ་མའི་རྒྱུགས་གཞིར་དབྱེ་ཞིབ་བྱེད་པར་ཡང་དེ་ལས་མ་འདས།
བཞི་པ། ཀློག་འདོན་གྱི་ནུས་པ་གསོ་སྐྱོང་བྱེད་དགོས་པ།
སྤྱིར་ན་ལྟ་ཀློག་བྱེད་པའི་དམིགས་ཡུལ་ནི་སློབ་མ་རྣམས་ཀྱིས་རང་གི་མྱོང་ཚོར་དང་རང་རྐྱ་ཐུབ་པའི་བསམ་གཞིག ལག་ལེན། སེམས་པ་ཡར་བསམ། དཔྱད་འཇོག མཐོང་རྒྱ་ཐོས་རྒྱ་སོགས་སྐྱེད་སྲིང་བྱ་རྒྱུ་དེ་ཡིན། ལྟ་ཀློག་གིས་སེམས་ཁོངས་སུ་ཤེས་རབ་ཀྱི་མེ་ལྕེ་སྦར་ཐུབ།དཔེ་ཀློག་མེད་ཚེ་ཡིད་ཀྱི་རྣམ་ཤེས་མུན་ནག་གི་སྒམ་དུ་བཅུག་པ་ལྟར་ཡིན།སློབ་མས་རང་འགུལ་གྱིས་གྲགས་ཅན་དང་ཕུལ་བྱུང་བརྩམས་ཆོས་དག་འདེམ་ཀློག་བྱས་ཏེ།ཀློག་འདོན་གྱི་ནུས་པ་སྐྱེད་བསྲིངས་བྱེད་དགོས། བྲིས་ནས་ལག་ལ་བྱང་པ་དང་བཏོན་ནས་ཁ་ལ་བྱང་པ་ཞིག་བྱེད་པ་ནི་བོད་སྐད་ཡིག་གི་ཆེས་རྨང་གཞི་འཇོག་སྟེང་ཞིག དེ་བས་སློབ་མ་མང་ཆེ་བའི་དགེ་རྒན་གྱིས་ཇི་ལྟར་ཁྲིད་ན་དེ་ལྟར་སློབ་པ་དང་མ་ཁྲིད་ན་མི་སློབ་པའི་གོམས་གཤིས་ངན་པ་འདི་བསྒྱུར་མ་ཐུབ་ཚེ་སློབ་མས་དགེ་རྒན་ནི་འཁྲབ་སྟོན་མཁན་ཞིག་གི་འདུ་ཤེས་སྐྱེས་ནས་ཡོད་ཚད་གཞན་ལ་བརྟེན་ན་སློབ་མ་ལ་བསམ་གཞིག་གི་ནུས་པ་དང་ཀློག་འདོན་གྱི་ནུས་པ་གང་ནས་བྱུང་ངམ།
ལྔ་པ། དྲིས་བའི་དྲི་བ་གྱ་གྱུར་ཆེ་བ།
གཅིག “༡ གཤམ་གྱི་བརྗོད་པ་ཁག་ལས་ཕྲད་དང་དག་ཆ་འཁྲུལ་བ་མེད་པའི་སྡེ་ནི། ‹ཡང་དག›
༢ གཤམ་གསལ་རྣམ་གྲངས་འདྲེན་ཚུལ་ཡང་མ་དག་པའི་སྡེ་ནི། ‹ནོར་འཁྲུལ›
༣ དེའི་མཚན་གཞིར་མ་གྱུར་བ་ནི། ‹མ་ཡིན་པ›”[ 2020ལོའི་བོད་རང་སྐྱོང་ལྗོངས་སྤྱིར་བཏང་མཐོ་རིམ་སློབ་གྲྭར་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་ལེན། བོད་སྐད་ཡིག {J} p ༡]
གོང་གི་དྲི་བ་འདི་དག་གི་བརྗོད་དོན་ནི་དྲང་པོ་མི་བརྗོད་པར་དང་སྐད་ཆ་དེ་ཐད་ཀར་མི་བཤད་པར་བརྗོད་དོན་ལ་སྐོར་བ་ཞིག་བརྒྱབ་ནས་མི་ཞིབ་ཚགས་ཡིན་མིན་དང་གོ་དོན་ཇི་བཞིན་རྟོགས་ཡོད་མེད། གལ་ཏེ་སློབ་མ་དེ་མི་ནན་ཏན་མིན་པ་ཞིག་དང་བརྟན་པོ་ཞིག་མིན་ཚེ་ནོར་འཁྲུལ་འབྱུང་བའི་ཉེན་ཁ་ཡོད་ཁོ་ཐག་རེད། དྲི་བ་འདི་དག་ལ་གཟབ་པ་ནན་ཏན་བྱེད་དགོས་འདུག
གཉིས། “ ༡ གཤམ་གྱི་དཔེར་བརྗོད་ཁག་ལས་བྱ་བྱེད་ཐ་དད་པ་ཡིན་པ་གང་ཞིག རྟགས་བཀོད་པ་གཉིས་པོ་རིམ་བཞིན་བརྗོད་བདེ་འདྲེན་པ་དང་། མཚན་གཉིས་མ་ནིང་ཡིན་པ་ནི། ༢ གཤམ་གསལ་མཚན་ཉིད་གང་དེའི་མཚན་གཞིར་མ་གྱུར་བ་ནི། ༣ གོང་གསལ་བརྗོད་དུམ་ནང་རྟགས་བཀོད་པ་རྣམས་ཀྱི་དོན་གོ་རིམ་བཞིན། ༤ གཞི་གཅིག་ལ་བལྟོས་ན་རྒྱུ་འབྲས་གཉིས་འགལ་བ་ཡིན་ནམ་མིན། རྒྱུ་མཚན་ཅི། ༥གཤམ་གསལ་ཨང་རྟགས་བཀོད་པའི་རྒྱན་ཚིག་རྣམས་སྟོང་ཆར་ཁ་སྐོང་བྱེད་ཚུལ་ཡང་དག་པའི་སྡེ་ནི། ”[ 2020ལོའི་བོད་རང་སྐྱོང་ལྗོངས་སྤྱིར་བཏང་མཐོ་རིམ་སློབ་གྲྭར་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་ལེན། བོད་སྐད་ཡིག {J} p ༤] གོང་གི་དྲི་བ་འདི་དག་ནི་ཧ་ཅང་གཟབ་དགོས་ཏེ་དྲི་བ་གཅིག་ལ་དྲིས་ལན་གཉིས་འདེབས་དགོས་པ། དོན་དང་ཚིག་གི་གོ་རིམ་སོགས་ཡིན་པས་ཁ་བྱང་ལ་ཡང་བསྐོར་བསྐྱར་བསྐོར་བྱས་ནས་ནན་ཏན་མ་བྱས་ན་སྐར་གྲངས་མི་རེག་པའི་ཉེན་ཁ་ཡང་འདུག
གསུམ། “ ༡ གཤམ་གསལ་དཔེ་ཆོས་བེད་སྤྱོད་སྟངས་ཡང་མ་དག་པའི་སྡེ་ནི། ༢ གཤམ་གྱི་བརྗོད་དུམ་ཁག་ནང་རྟགས་བཀོད་པའི་མངོན་བརྗོད་སྤྱོད་ཚུལ་ཡང་མ་དག་པའི་སྡེ་ནི། ༣ གོང་གི་དཔྱད་གཞིར་དབྱེ་ཞིབ་བྱས་པ་འཚམ་ཤོས་ནི།”[ 2020ལོའི་བོད་རང་སྐྱོང་ལྗོངས་སྤྱིར་བཏང་མཐོ་རིམ་སློབ་གྲྭར་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་ལེན། བོད་སྐད་ཡིག {J} p ༣]
གོང་གི་དྲི་བ་འདི་གསུམ་ནི་ད་ལོ་གསར་དུ་འོང་བའི་མགྲོན་པོ་ལྟ་བུ་ཡིན་ལ་དྲི་བ་དེའི་རིགས་ཀྱིས་སློབ་མ་ལ་ལྟ་ཀློག་གི་ནུས་པ་དང་བསམ་གཞིག་གི་ནུས་པ་ཚད་གང་འདྲ་ཞིག་ལ་སླེབས་ཡོད་མེད་སོགས་ལ་ཉམས་ཚོད་ལེན་པའི་དྲི་བ་རེད། འོ་ན་སློབ་མ་རྨང་གཞི་ཞན་པ་རྣམས་ལ་མཚོན་ན་ཧ་ཅང་དཀའ་ལ། ཧ་ཅང་གཟབ་དགོས་པའི་དྲི་བ་འདི་དག་ནི་སྲ་མོ་རྡོ་དང་འདྲ་བ་ཤ་སྟག་ཡིན་པས་ཚིག་དོན་ཡོངས་ལ་ཞིབ་ལྟ་བྱེད་རྒྱུ་གལ་ཆེའོ།།
དྲུག་པ། ༢༠༢༠ལོའི་བོད་ཡིག་བསྐྱར་སྦྱོང་གི་བསམ་ཚུལ་བཅོས་བསྒྱུར་འགའ།
༡ ད་ལྟར་སློབ་མའི་ལག་ན་ཡོད་པའི་རྒྱུ་ཆ་དེ་དག་ལ་སྐྱོན་ཡོན་གྱི་ཆ་གཉིས་ལྡན་ཡིན། ༢ བསླབ་གཞིའི་སློབ་ཚན་དང་འབྲེལ་བའི་ལྟ་ཀློག་གི་དྲི་བ་དྲིས་ལན་ཡོད་པའི་རྒྱུ་ཆ་ཞིག་བཙལ་ནས་སློབ་སྐབས་རྗེས་མའི་གཙོ་བོ་ཁྲིད་གཞིར་བཅོལ་བ། ༣ བསྐྱར་ཟློས་ཆེ་བ། གཙོ་གནད་མ་ཡིན་པ། བསླབ་ཚན་དང་འབྲེལ་མེད་ཀྱི་དྲི་བ་སོགས་སྔོན་འགོག་བྱེད་རྒྱུ་གལ། ༤ བློ་འཛིན་སྐབས་སུ་ནང་དོན་ལ་གོ་བ་གཏིང་ཟབ་ལེན་ཚར་རྗེས་ཚིག་དོན་མི་བརྗེད་པའི་ཆེད་དུ་བློ་འཛིན་བྱེད་པ་ནི་ཀུན་གྱི་མཆོག་ཡིན། ༥ སློབ་ཁང་གི་ནག་པང་གློག་ཀླད་མང་ཙམ་བེད་སྤྱོད་བྱེད་རྒྱུ། ༦ རྩོམ་ཡིག་ནི་མཐོ་རྒྱུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་ཡིན་པ་ལྟར་རྩོམ་ཡིག་གཙོ་གནད་དུ་འཛིན་རྒྱུ་གལ་སྙམ།
མཇུག་བསྡུ་བའི་གཏམ།
ཉེ་བའི་ལོ་འགའ་རིང་ལ་མཐོ་རྒྱུགས་ཀྱི་རྒྱུགས་འབྲས་ལོ་རེ་ནས་ལོ་རེ་ཇེ་སྡུག་ཏུ་འགྲོ་བཞིན་པ་ནི་ཚང་མས་ཤེས་ལ་དོན་དེ་ང་ཚོ་སུ་ཡིན་ཡང་ཚང་མར་འགན་འཁུར་ཡོད་པར་སྙམ། དགེ་གྲོགས་ལ་ལ་ཞིག་གིས་མཐོ་རྒྱུགས་ཀྱི་འབྲས་བུ་མཐོ་གསུམ་དགེ་རྒན་ཁོ་ན་ལ་རག་ལས་པ་བསམས་ཀྱང་ཞིབ་ཏུ་བསམ་ན་གཡག་ཞ་རས་རྩྭ་བཟའ་བའི་ངང་ཚུལ་ལས་མ་འདས། སློབ་གྲྭ་སོ་སོའི་དགེ་གྲོགས་སུ་ཡིན་ཡང་ལོ་རེ་རེའི་རང་ཉིད་ཀྱི་བསླབ་བྱའི་ནང་དོན་དག་ཆད་ལྷག་མེད་པ། གཙོ་དཀའ་གནད་དབྱེ་བ་ཡོད་པ། རང་མི་རིགས་ལ་ཤ་ཚ་བ། ལྷག་བསམ་ཟོལ་མེད་ཅིག་གིས་དམིགས་ཡུལ་ལྡན་པའི་སྒོ་ནས་སློབ་ཁྲིད་འཚོགས་པ་གལ་ཆེ། ལྷག་པར་གོང་དུ་རང་ཉིད་ཀྱིས་དཔྱད་ཁུལ་བྱས་པ་ཙམ་ལས་དགེ་རྒན་ཀུན་གྱིས་འདིའི་ཐད་ལ་དོ་སྣང་ཡོད་པར་མཁྱེན།ད་དུང་ང་ཚོ་དགེ་གྲོགས་ཡོངས་ལ་ཁྱད་ཆོས་ཞིག་ཡོད་པ་ནི་སློབ་མ་ལ་རྗེས་འདེད་རྡུང་རྡེག་གི་ནུས་པ་ཁྱད་པར་ཅན་ཞིག་ཡོད་པ་ལས་རང་ཉིད་ཀྱི་རིག་གནས་ཤེས་བྱ་གོང་འཕེལ་གཏོང་བའི་འདུ་ཤེས་ཤིན་ཏུ་ཞན་ལ་ཆེ་རྫིག་གི་ཁེངས་བའི་རྣམ་པ་ཅན་ཡང་མང་པོ་ཡོད་པས་རྒྱུད་ལ་ཁེངས་སྐྱོང་གི་མྱུ་གུ་ཞིག་འཁྲུངས་པར་སྨོན།

