ཆབ་མདོ་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཐོག“ནུས་ཤུགས་ཡོད་རྒུས་བློ་དཀར་ཆབ་མདོ་དང་། བདེ་འཇགས་ཆབ་མདོ། གསོན་ཤུགས་ཆབ་མདོ། རིག་གནས་ཆབ་མདོ། མཛེས་སྡུག་ཆབ་མདོ་བཅས་ཧུར་ཐག་གཏོད་དགོས”པའི་བརྗིད་ཆེའི་འཆར་གཞི་བཟོས་ཏེ། སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་མདོའི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། དེའི་ཁྲོད“བློ་དཀར་ཆབ་མདོ”ཨང་དང་པོར་བཞག་པ་དེ་ནི་བྱ་གཞག་ཁག་གི་འཕེལ་རྒྱས་ཀྱི་སྤྱི་འདོམས་དང་མཐའ་ཚད་དེ་ཡིན།
གྲོང་ཨུད་གཞུང་ལས་ཁང་གིས་སྲིད་བཀའ་ཤར་གཏོང་ཐུབ་པའི“སོ་ལྟ་ཁང”ཞིག་ཡིན། ཆབ་སྲིད་འཛུགས་སྐྱོང་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་ལས་ཀའི་བླང་བྱ་དང་དཔེ་བསྡུར་ཚད་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཇུས་འདོན་སྲིད་རོགས་དང་། ཕྱོགས་བསྡུས་མཐུན་སྦྱོར། ལྟ་སྐུལ་དོན་འཁྱོལ། ཞབས་ཞུ་འགན་སྲུང་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་ཡག་པོ་བསྒྲུབས་ཏེ། གཟབ་ནན་ཞིབ་ཚགས་དང་འགན་འཁྲི་ནན་པོ་འཁུར་བའི་ལས་ཀའི་སྤྱོད་ཚུལ་ཐོག་ནས་ཏང་ལ་ལྷག་བསམ་རྣམ་དག་བཅང་རྒྱུ་དེ་ཡིག་ཆ་དང་། ཚོགས་འདུ། ལས་དོན་བཅས་ཀྱི་ལྷུ་ཚིགས་ཚང་མའི་ནང་དོན་འཁྱོལ་བྱས་ཏེ། གྲོང་ཨུད་ཀྱི་སྲ་ཞིང་བརྟན་པའི“ཇུས་འདོན་ལས་རོགས”ཡག་པོ་ཞིག་བྱས་ནས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱས་པ་རེད།
གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་དབང་ཆ་སྟངས་འཛིན་ནན་པོ་བྱས་ཏེ། དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། མི་གསར་སྐྱོང་བ། རིག་གནས་དར་རྒྱས། གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཡོད། གཙང་གསུམ་ས་གཞིའི་གསར་བརྗེའི་ཐོན་ཁུངས་ལ་གཞི་ཚུགས་ཏེ། རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་སྒྲོག་འགྲེལ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཆབ་མདོའི་གསར་བརྗེའི་གཏམ་རྒྱུད་ཡག་པོ་ཤོད་པ། ཆབ་མདོའི་འབོད་སྒྲ་བརྒྱུད་བསྒྲགས་བྱེད་པ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། ས་མཐོའི་བསམ་བློ་དང་རིག་གནས་ཀྱི་འཐབ་ས་བརྟན་དུ་གཏོང་བ། གླེང་ཕྱོགས་གཙོ་བོར་བརྟེན་ནས་འབད་འབུངས་ཡར་བརྩོན་གྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་།ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་རྗེས་སུ་འབྲངས་བ་བཅས་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད།
གྲོང་ཁྱེར་སྒྲིག་ཨུད་ཀྱིས་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་ཆེད་འགན་འཁུར་མཁན་ལས་ཁུངས་ཀྱི་ངེས་གནས་བརྟན་སྲུང་བྱས་པ་དང་། རང་ངོས་གསར་བརྗེའི་སྙིང་སྟོབས་ནམ་ཡང་གནས་པ། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་རྒྱུ་མཐའ་འཁྱོངས་བྱས་ཤིང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལས་གནས་ལ་དམ་པོར་དམིགས་ཏེ་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱས་ནས་རུལ་སུངས་བྱེད་མི་ཕོད་པ་དང་།
རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་ནས་ཆབ་སྲིད་ཀྱི་སྣོད་བཅུད་རྒྱུན་མཐུད་ངང་སྤྱོད་གཙང་ལེགས་སྒྲིག་བྱས་ཤིང་། ངར་ལྕགས་ལྟ་བུའི་སྒྲིག་ཁྲིམས་ལ་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་བྱ་གཞག་ཁག་བརྟན་པོའི་ངང་མདུན་དུ་སྐྱོད་རྒྱུར་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ་ཆབ་མདོའི་སྤྱོད་གཙང་གཞུང་དྲང་གི་འཕེལ་རྒྱས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཡོད་པ་རེད།
ཐོག་མའི་བསམ་འདུན་གཙང་གསུམ་ཡུལ་ལ་འཕྲོས། ལས་འགན་སྒྲུབ་སེམས་ལག་ལེན་དངོས་སུ་བསྟར། ཇུས་འདོན་ཞབས་ཞུ་ནས་བསམ་བློའི་ཁྲིད་སྟོན་བར་དང་དེ་ནས་སྒྲིག་ཁྲིམས་འགན་སྲུང་བར་སྡེ་ཚན་མང་པོས་འགན་ནུས་ལ་གཞི་ཚུགས་ཏེ་ཕྱོགས་གཅིག་ལ་ཤུགས་བརྒྱབ་སྟེ་ཆབ་སྲིད་ཀྱི་ལྷག་བསམ་དེ་སེམས་ནང་འཇགས་པ་དང་ཕྱིའི་བྱ་སྤྱོད་དངོས་ལ་འཁྱོལ་བ་བྱས་ཡོད། གོམ་སྟབས་རྗེས་མར། གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་ཚོས་ཆབ་སྲིད་ལ་སེམས་གཏིང་ནས་ལྷག་བསམ་རྣམ་དག་བྱས་ཏེ་དུས་རབས་ཀྱི་འགན་འཁྲི་ལྕི་པོ་མུ་མཐུད་འཁུར་ནས་དོན་དངོས་ལེགས་སྒྲུབ་ཀྱི་བྱས་རྗེས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུ་རེད།

