འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བ་དང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་ཆེད། སྤྱི་ཟླ་11པའི་ཚེས་2ནས་ཚེས་4ཉིན་བར། ཆབ་མདོ་གྲོང་ཁྱེར་གྱིས“མི་ཚེའི་གོམ་པ་དང་པོ་ལེགས་པར་སྤོ”ཞེས་པའི་གཙོ་དོན་སློབ་གསོའི་མུ་འབྲེལ་བྱེད་སྒོ་སྤེལ་བ་རེད། རྒྱ་ཆེའི་གཞོན་ནུ་ལོ་ཆུང་རྣམས་སློབ་ཁང་ནས་ཕྱིར་ཐོན་ཏེ། ལག་ལེན་དང་ཉམས་ལེན་གྱི་ཁྲོད་ནས་ཕུགས་བསམ་དང་དད་སེམས་ཟབ་ཏུ་བཏང་ཞིང་། འཚར་ལོངས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་པ་རེད།
ཆབ་མདོ་གྲོང་ཁྱེར་གཞོན་ནུ་ལོ་ཆུང་ཚན་རྩལ་ཁང་དུ། སློབ་གྲོགས་ཚོ་གོ་རིམ་ལྡན་པའི་ངང་འགྲེམས་ཁུལ་ཁག་ཏུ་བསྐྱོད་དེ། ཚན་རིག་ཁྱབ་གདལ་གྱི་འགྲེམས་པང་ལ་ལྟ་བ་དང་། ལག་པ་འགུལ་ནས་མཉམ་འགུལ་འགྲེམས་རྫས་ཁག་བཀོལ་སྤྱོད་བྱེད་པ། ཐག་ཉེ་ས་ནས་ནུས་ཤུགས་རིག་པ་དང་། འོད་རིག་པ། མི་ཐབས་རིག་ནུས་སོགས་ཚན་རྩལ་ཁྱབ་གདལ་གྱི་རྣམ་གྲངས་ཉམས་སུ་བླངས་པ། ལྟ་ཞིབ་དང་བཀོལ་སྤྱོད་ཀྱི་ཁྲོད་ནས་ཚན་རྩལ་གྱི་རྩ་བའི་རིག་པ་ཉམས་སུ་མྱོང་བ་བཅས་བྱས་པ་རེད།
ཆབ་མདོ་གྲོང་ཁྱེར་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ། སློབ་གྲོགས་ཚོས་འགྲེལ་བཤད་རྒྱག་མཁན་གྱི་སྣེ་ཁྲིད་འོག་རྩ་ཆེའི་པར་རྙིང་དང་དངོས་པོའི་ལོ་རྒྱུས་དཔྱད་གཞིར་ནན་ཏན་ངང་ལྟ་བ་དང་། གསར་བརྗེའི་སྔོན་བྱོན་པས་གངས་ལྗོངས་ས་མཐོར་དཀའ་སྤྱད་འབད་འཐབ་དང་ལེགས་སྐྱེས་འབུལ་བའི་གསར་བརྗེའི་གཏམ་རྒྱུད་ཉན་པ། སྤྱིར་བཏང་མིན་པའི་ལོ་ཟླར་བསྐྱར་དྲན་བྱེད་པ། དུས་རབས་ལས་བརྒལ་བའི་གསར་བརྗེའི་སྟོབས་ཤུགས་ཚོར་བ་བཅས་བྱས་པ་རེད།

