国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年11月06日

སྤྱིར་བཏང་གི་དཔའ་བོ་ཞིག

——སྟེང་ཆེན་རྫོང་ག་ངས་ཤང་ངས་སྟོད་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་སྐོར་བཀོད་པ།

བསྐལ་བཟང་བློ་གྲོས་ཀྱིས་བུ་མོ་ཆུང་ཆུང་ཞིག་ལ་བྱམས་བརྩེ་སྐྱོང་བཞིན་པ།

ས་བབ་སྨི4500ཡོད་པ་ནམ་ཟླ་ཧ་ཅང་གྲང་བའི་ཉིན་ཞིག་ལ་ཁོང་གིས་དྲག་ཏུ་རྒྱུ་བའི་གཙང་པོར་མཆོངས་ཏེ་བུ་མོ་ཞིག་གི་སྲོག་བསྐྱབས་པ་རེད། རང་ལོ28ལ་བསླེབས་པའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་བསྐལ་བཟང་བློ་གྲོས་ནི་འགག་རྩའི་དུས་སུ་ཤི་ཡང་མི་འགྱོད་པའི་གཏོང་ཕོད་ཅན་ཞིག་ཡིན། ལོ་དེར་ཁོང་ཉིད2025ལོའི་རྒྱལ་ཡོངས་ཀྱི་བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོའི་མིང་ཐོར་ཚུད་པ་རེད། དེ་རིང་ང་ཚོ་མཉམ་དུ་སྟེང་ཆེན་རྫོང་ག་ངས་ཤང་ངས་སྟོད་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་བསྐལ་བཟང་བློ་གྲོས་ཀྱི་སྐོར་ལ་གསན་གཟིགས་གནང་རོགས།

གྲང་ངར་གྱིས་རབ་ཏུ་གཟེར་བའི་ཆུ་བོར་ཚམ་ཚོམ་མེད་པར་མཆོངས་དགོས་ན། བསྐལ་བཟང་བློ་གྲོས་ལ་བློ་སྟོབས་ཅི་འདྲ་ཞིག་དགོས་རྒྱུ་རེད་ཟེར་ན།

སྟེང་ཆེན་རྫོང་ག་ངས་ཤང་ངས་སྟོད་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཞིང་འབྲོག་ཆེད་བསྐོས་པ་བསྐལ་བཟང་བློ་གྲོས་ཀྱིས“2025ལོའི་སྤྱི་ཟླ6ཚེས13ཉིན། ང་དང་རུ་དཔོན་གཞོན་པ་རླངས་འཁོར་ལ་བསྡད་ནས་ཤང་དུ་ལས་ཀ་ལས་སར་སོང་བ་ཡིན། ལམ་བར་དུ་ལྕགས་རྟ་བཞོན་པའི་བུ་མོ་ཞིག་ཟམ་པའི་སྟེང་ནས་མར་ལྷུང་སོང་བ་མཐོང་བྱུང་། བུ་མོ་དེའི་མགོ་རྡོ་ལ་བརྡབས་འདུག་པས་དྲན་པ་ཐོར་ཚར་འདུག སྐབས་དེར་ང་རང་ཐད་ཀར་དེ་ནས་མར་མཆོངས་པ་ཡིན། ཆུ་འགྲམ་ལ་ཡར་ཁྱེར་ནས་བལྟས་ཚེ། མགོ་ཡོངས་ཚང་མ་ཁྲག་རེད་འདུག ངས་ཐེངས་མ་ག་ཚོད་བོས་རུང་ཁོ་མོར་ཁ་གྲག་རྒྱུ་མི་འདུག ང་ཚོས་ཁོ་མོའི་ཁྲག་འགོག་ཐབས་བྱས་རྗེས་མྱུར་དུ་ཤང་འཕྲོད་བསྟེན་ཁང་ལ་འབྲེལ་གཏུག་བྱས་པ་ཡིན། སྟབས་ལེགས་པ་ཞིག་ལ་ཁོང་མོའི་སྲོག་བསྐྱབས་ཐུབ་སོང”ཞེས་བཤད།

བསྐལ་བཟང་བློ་གྲོས་ནི་འགག་རྩའི་དུས་སུ་རང་སྲོག་བློས་གཏོང་ཕོད་པའི་མི་ཞིག་ཡིན་འདུག ང་ཚོས་ད་རུང་ཁོང་ནི་ནམ་རྒྱུན་མི་ཅི་འདྲ་ཞིག་ཡིན་མིན་སྐོར་ལའང་ཧ་གོ་འདོད་ཆེན་པོ་བྱུང་།

བསྐལ་བཟང་བློ་གྲོས་ཐོག་མར་མཐོང་དུས་ནི་ཁ་བ་ལྷབ་ལྷུབ་འབབ་བཞིན་པའི་ཞོགས་པ་ཞིག་རེད། རང་ལོ28ལ་བསླེབས་པའི་ཁོང་ནི་ས་ཆ་དེར་བསྡད་ནས་མི་ལོ་དྲུག་ཙམ་ཕྱིན་ཟིན། རབ་དཀར་ཁ་བའི་ཀློང་ནས་ཁོང་དང་ཁྱི་གཉིས་རྩེད་མོ་རྩེ་བཞིན་པ་རྣམ་པ་དེ་མཐོང་འཕྲལ་སེམས་པ་སྐྱིད་ལྷང་ལྷང་དུ་གྱུར།

ན་ནིང་། གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ནང་ལ་ཆུ་ལོག་འགོག་བྱེད་ཀྱི་རགས་ཤིག་བསྐྲུན་པ་རེད། རྣམ་གྲངས་རེ་ཞུ་ནས་མཐར་ཐུག་དོན་འཁྱོལ་བྱེད་པའི་བར་བསྐལ་བཟང་བློ་གྲོས་ནི་རུ་དཔོན་གཞོན་པའི་རྗེས་ལ་རྒྱུག་རྐྱང་ཡིན།

འགག་རྩའི་སྐབས་སུ། བསྐལ་བཟང་བློ་གྲོས་དང་ཁོང་གི་རུ་མི་རྣམས་ཉིན་མོའི་བྱ་ར་དང་མཚན་མོའི་མེལ་ཚེར་བྱས་ནས་རི་མགོར་བསྡད་དེ། གནད་དོན་ཡོད་ཚད་རང་ས་ནས་ཐག་གཅོད་གང་ལེགས་བྱས་པ་རེད།

བསྐལ་བཟང་བློ་གྲོས་ཀྱིས་རེ་རེ་བཞིན་སྦྱོང་ལ་རེ་རེ་བཞིན་དཔྱད་དེ། དཀའ་སྡུག་གི་ཁོར་ཡུག་ཁྲོད་ནས་གཞན་དྲིང་མི་འཇོག་པའི་འཇོན་ཐང་བསྐྱེད་ཡོད།

ཉལ་ཁང་གི་གྱང་ཐོག་ལ་གཟེངས་རྟགས་ཤིག་དང་སྤོ་ལོའི་རྩལ་གོས་ཤིག་བཀལ་འདུག ཉིན་གཅིག་ལྟར་བརྩོན་པ་ལྷོད་མི་མྱོང་བའི་རྒྱུག་ཤར་གློད་པའི་གོམས་གཤིས་འདི་དག་ལ་བལྟས་ན། བསྐལ་བཟང་བློ་གྲོས་ནི་སྙིང་རུས་ཆེ་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པའི་དཀའ་ཐུབ་ཅན་ཞིག་ཡིན་པ་ཤེས་ཐུབ། དེ་ནང་བཞིན་དུ་མི་དམངས་ལ་ཞབས་འདེགས་ཞུ་བའི་ལས་ཀ་དེའང་ཁོང་གི་སེམས་ནས་བརྗེད་མྱོང་གཏན་ནས་མེད།

ང་ཚོ་ཡོང་རྐྱེན་ནི་ཁོང་གིས་བུ་མོ་དེ་སྐྱོབ་པའི་གནས་ཚུལ་འདྲི་ཕྱིར་ཡིན་ཡང་། འགྲོ་དུས་བག་ཆགས་ཆེ་ཤོས་ནི་ཁོང་ཉིད་བསམ་པ་བཟང་ལ་སྙིང་རུས་དང་བརྩོན་འགྲུས་ཅན་ཞིག་ཡིན་པ་ཚོར་བྱུང་། སྤྱིར་བཏང་གི་ཞིང་འབྲོག་ཆེད་བསྐོས་པ་ཞིག་ནས2025ལོར་རྒྱལ་ཡོངས་ཀྱི་བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོའི་མིང་ཐོར་ཚུད་པའི་བར་བསྐལ་བཟང་བློ་གྲོས་ཀྱི་མི་ཚེའི་བཤུལ་ལམ་རིང་མོ་ནི་མི་ཞིག་གི་འཚར་ལོངས་ཀྱི་བརྒྱུད་རིམ་ཡིན་ཆོག་ལ་མི་ཚེ་ས་མཐོར་བཅོལ་བའི་དུས་རབས་གསར་པའི་གཞོན་ནུ་རྣམས་ཀྱི་བསྡུས་གཟུགས་ཤིག་ཀྱང་ཡིན།