འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ10ཚེས28ཉིན། 2026ལོའི་མཐོ་སྒང་གི་ལེགས་སྐྱེས་ཏེ་འཚོ་བ་ཟས་ཀྱི་རིག་པའི་ཟས་མཆོག་འགྲན་སྡུར་ལས་ཆབ་མདོའི་གྲ་སྒྲིག་འགྲན་སྡུར་དང“ཆབ་མདོའི་ཐུགས་སྤྲོ”དགའ་ནེའུ་དུས་ཆེན་གྱི་བྱེད་སྒོ་དེ་ཇ་རྟའི་ཐང་ཆེན་དུ་གཉེར་བ་རེད།
གྲོང་སྤྱི་གཞོན་པ་སྒྲོལ་མ་ཆོས་སྐྱིད་བྱེད་སྒོའི་ཐོག་ཕེབས་ཡོད། དེ་ཡང་།སྔ་དྲོའི་ཆུ་ཚོད10པའི་ཐོག་མ་བྱན་གྱི་ལག་རྩལ་འགྲན་སྡུར་དངོས་སུ་འགོ་ཚུགས་པ་དང་།གྲོང་ཁྱེར་ཡོངས་ཀྱི་རྫོང་ཆུས་ཁག་ནས་ཕེབས་པའི་འགྲན་ཞུགས་རུ་ཁག16ཙམ་གདན་སྐོར་གཅིག་ཏུ་འཛོམས་ནས་ཟས་རིགས་སྣ་ཚོགས་གཡོས་བསྐོལ་གྱི་ལག་རྩལ་ཚད་པ་རེད།འགྲན་ཞུགས་པ་ཚོས་ཟོག་ཤ་དང་ཡུང་མ། རྩམ་པ་སོགས་ཆབ་མདོའི་རང་ས་རང་ཡུལ་གྱི་ཟས་རིགས་སྣ་ཚོགས་སྤྱད་དེ་རོ་བཅུད་དྲི་གསུམ་འཛོམས་པའི་ཟས་མཆོག་འདྲ་མིན་བཟོས་ནས་བཤམས་ཤིང་།དེ་ནས་ཆེད་ལས་ཀྱི་དཔྱད་འདེམས་པས་ཡུལ་དངོས་ནས་བྲོ་བ་བལྟས་ཏེ་སྐར་མ་བརྒྱབ་པ་དང་ཆབས་ཅིག་ཏུ་གྲོང་མི་དང་ཡུལ་སྐོར་བ་རྣམས་འབོད་ནས་བྲོ་བ་བལྟར་བཅུག་པ་དང་དེ་ནས་རང་གིས་འདོད་པའི་ཟས་རིགས་ལ་འདེམས་ཤོག་འཕེན་པ་རེད།སྐབས་དེ་དུས་འགྲན་སྡུར་ར་བའི་ཕྱོགས་རྣམ་ཀུན་ཏུ་ཟས་ཀྱི་དྲི་ཞིམ་འཐུལ་ཞིང་མི་རྣམས་འཚང་ཁ་ཤིག་ཤིག་གིས་བོད་ཤར་ཟས་མཆོག་གི་བྲོ་བ་ཉམས་སུ་མྱོང་བ་རེད།
ཐེངས་འདིའི་འགྲན་སྡུར་ལ་འགྲན་སྐོར་གཉིས་གོ་སྒྲིག་བཟོས་ཡོད།འགྲན་སྐོར་དང་པོ་ནི་བདེ་ཐང་ལ་ཕན་པའི་ཟས་བཅུད་སྐོར་གྱི་འགྲན་སྡུར་ཞིག་ཡིན་ལ།འགྲན་སྐོར་གཉིས་པ་ནི་མཐོ་སྒང་གི་ཁྱད་ལྡན་ཟས་རིགས་ཡུང་མ་གཡོས་བསྐོལ་གྱི་འགྲན་སྡུར་ཞིག་རེད། དེ་ཡང་ཆུ་ཚོད་གསུམ་ལ་འགྲན་སྡུར་བྱས་པ་བརྒྱུད། རི་བོ་ཆེ་རྫོང་གི་འགྲན་ཞུགས་རུ་ཁག་ཨང་རྟགས་གཉིས་པས་འགྲན་སྐོར་དང་པོའི་ཨང་དང་པོ་ལེན་པ་དང་།བོད་ལྗོངས་ཧུང་ཧུས་ཞིང་ལས་དང་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིའི་འགྲན་ཞུགས་རུ་ཁག་ཨང་རྟགས16པས་འགྲན་སྐོར་གཉིས་པའི་ཨང་གཉིས་པ་ལེན་པ་རེད།
ཨང་དང་པོ་ཐོབ་མཁན་བསྟན་འཛིན་ཆོས་གྲགས་ཀྱིས་དེ་རིང་ཨང་དང་པོ་ཐོབ་པས་ཧ་ཅང་དགའ་པོ་བྱུང་།སྲིད་གཞུང་གིས་ང་ཚོ་ལ་མཐུན་རྐྱེན་ཡག་པོ་འདི་འདྲ་སྦྱར་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ངས་རྗེས་མར་མུ་མཐུད་ནས་འབད་བརྩོན་བྱས་ཏེ་རང་ཡུལ་གྱི་ཟས་མཆོག་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞེས་བཤད།
ཐེངས་འདིའི་བྱེད་སྒོ་ལ་མ་བྱན་གྱི་ལག་རྩལ་འགྲན་སྡུར་ཕུད། ད་རུང་མཛད་སྒོའི་ཐོག་ཆབ་མདོའི་ཡུལ་ལུང་སོ་སོའི་ཟས་མཆོག་གི་ས་བཀྲ་ཁྱབ་བསྒྲགས་གནང་བ་དང་།ཆབ་མདོའི་ཐུགས་སྤྲོ་ཞེས་པའི་ཟོང་རྟགས་ཀྱི་སྒོ་ཡོལ་ཕྱེ་བའི་མཛད་སྒོ་གཉེར་ནས། མི་རྣམས་ལ་ཆབ་མདོའི་ཐུགས་སྤྲོ་ཞེས་པའི་ཟོང་རྟགས་དང་ཟས་སྣ་དག་གི་རྒྱབ་ལྗོངས་གཏམ་རྒྱུད་སོགས་ངོ་སྤྲོད་གནང་སྟེ། རང་ས་རང་ཡུལ་གྱི་བཟའ་བཏུང་རིག་གནས་སྔོག་འདོན་གྱིས་ཆབ་མདོ་བ་རང་ཉིད་ལ་དབང་བའི་ཟས་མཆོག་གི་མིང་བྱང་ཞིག་གཏོད་ཡོད།
ཆབ་མདོའི་ཐུགས་སྤྲོ་ཞེས་པའི་ཟོང་རྟགས་ཀྱི་འོས་སྦྱོར་བ། ལུའོ་གཡན་མེང་གིས་ཆབ་མདོའི་ཐུགས་སྤྲོ་ཞེས་པའི་རྣམ་གྲངས་འདི་སྲིད་གཞུང་དང་ཁེ་ལས་མཉམ་འབྲེལ་ཐོག་ནས་རང་བྱུང་གི་ཟས་རིགས་དག་བཟའ་རུང་སྤེལ་འཐུས་ཀྱི་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་ཤིག་ཏུ་བསྒྱུར་བ་དང་ཟོག་ཤ་དང་ཨ་དབང་ལུག་ཤ།གྲོ་མ་སོགས་ཆབ་མདོའི་ཁྱད་ཆོས་ལྡན་པའི་ཟས་རིགས་རྣམས་དཀྱུས་གཅིག་ཏུ་བསྡེབས་ནས།ཡུལ་སྐོར་བ་རྣམས་རང་ཡུལ་དུ་འདུག་ཡུན་རིང་ལ་ཉོས་ན་ཉོ་རིན་ཆོག་པར་བཟོས་ཏེ།རང་གི་ཟས་རིགས་དང་རིག་གནས་ཡུལ་སྐོར་གྱི་ཐོན་ལས་གོང་མཐོར་གཏོང་བར་མཐུན་རྐྱེན་སྦྱར་ཡོད་ཅེས་བཤད།
གྲོང་ཁྱེར་ཚོང་དོན་ཅུད་ཀྱི་ཏང་ཙུའི་ཁོངས་མི། ཅུད་ཀྲང་གཞོན་པ།བསོད་ནམས་སྙན་གྲགས་ཀྱིས་གོམ་སྟབས་རྗེས་མར།ང་ཚོས་ཀྲུང་ཧྭའི་ཟས་མཆོག བོད་ཀྱི་བྲོ་མཆོག་ཅེས་པའི་ཆབ་མདོའི་ཐུགས་སྤྲོ་དང་ཡུལ་ལུང་སོ་སོའི་ཟས་མཆོག་གི་ས་བཀྲ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་རྒྱུ་དང་། དྲ་ཐོག་ནས་གློག་རྡུལ་ཚོང་དོན་ལྷན་ཚོགས་དང་བརྙན་ཐུང་གི་འཕྲིན་སྟེགས་ལ་བརྟེན་ནས་ཁྱབ་སྤེལ་གཏོང་བ་དང་།ཡུལ་དངོས་ནས་ཟས་མཆོག་འགྲེམས་འཚོང་དང་དུས་ཆེན་སྐབས་སུ་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་རྒྱུ་ཡིན། བཟའ་བཏུང་གི་ཁྲོམ་ར་རྒྱ་ཆེར་སྤེལ་ནས་ལས་རིགས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་།རིག་གནས་ཡུལ་སྐོར་དང་ཟས་མཆོག་མྱོང་རོལ་ཟུང་འབྲེལ་གྱིས་བཟའ་བཏུང་གི་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་སྐུལ་སྤེལ་གཏོང་རྒྱུ་ཡིན་ཞེས་བཤད།

