国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月27日

ཀྲང་ལི་ཡིས་ས་ཡོམ་གྱི་གནོད་འཚེའི་འཕྲལ་སྡོམ་ཐག་གཅོད་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་རྗེས་ཆབ་མདོ་གྲོང་ཁྱེར་གྱི་རྫོང་ཁག་གཅིག་ལ་ཡོམ་ཚོར་མངོན་གསལ་བྱུང་ཞིང་། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་ས་ཡོམ་གྱི་གནོད་འཚེའི་འཕྲལ་སྡོམ་ཐག་གཅོད་མྱུར་མགྱོགས་བཀོད་གཏོང་ཚོགས་འདུ་འཚོགས་ཏེ། དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་དེ་རང་གྲོང་ཁྱེར་གྱི་འགོག་ཟོན་ཐག་གཅོད་ལས་དོན་བཀོད་སྒྲིག་བྱས་པ་རེད།

ཀྲང་ལི་ཡིས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་བརྒྱབ་ནས་མི་ཤི་རྨས་ཚབས་ཆེན་བྱུང་བ་དང་ ཁང་པ་འབོར་ཆེན་གཏོར་སྐྱོན་ཕོག་པས་གནོད་འཚེའི་གནས་ཚུལ་ཧ་ཅང་ཚབས་ཆེན་བྱུང་བ་དང་། ས་ཡོམ་གྱི་གནོད་འཚེ་ཕོག་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ཐད་ལ་ཚད་མཐོའི་མཐོང་ཆེན་དང་། བོད་མི་དམངས་ལ་ཐུགས་ཁུར་དང་སེམས་ཁྲལ་གནང་ལུགས་གང་ལེགས་གནང་བ་མཚོན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་ཚད་མཐོའི་མཐོང་ཆེན་དང་། མགྱོགས་མྱུར་བཀོད་སྒྲིག ལས་སེང་བྱ་འགུལ་སྤེལ་བ་བཅས་གནང་བ་དང་།

ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་མཚན་མོ་ས་ཡོམ་གནོད་འཚེ་ཕོག་ཁུལ་དངོས་ལ་ཕེབས་ཏེ་འཕྲལ་སྡོམ་རོགས་སྐྱོབ་ལ་བཀོད་འདོམས་གནང་བ་དང་ཏང་དང་སྲིད་གཞུང་།དམག་མི།མི་དམངས་ཉེན་རྟོག་པ་བཅས་ཀྱི་སེམས་ཤུགས་གཅིག་སྒྲིལ་བྱས་ནས།ཉེན་སེལ་རོགས་སྐྱོབ་ལས་དོན་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་བསྒྲུབ་བཞིན་ཡོད་ཅེས་བསྟན་གནང་བ་རེད།

ཀྲང་ལི་ཡིས་ཆབ་མདོ་དང་ནག་ཆུ་ས་མཚམས་འབྲེལ་ཡོད་པས།མི་རྣམས་ཕན་ཚུན་འབྲེལ་བ་ཟབ་པ་དང་ང་ཚོས་གེགས་ཁུལ་མང་ཚོགས་ཚོར་སེམས་ནུས་གཅིག་སྦྲེལ་དང་། དཀའ་སྡུག་མཉམ་འཁུར་བྱེད་དགོས་ལ།སྟེང་ཆེན་དང་། དཔལ་འབར། ལྷོ་རོང་བཅས་རྫོང་གསུམ་ས་ཡོམ་གྱི་ལྟེ་བར་འབྲེལ་བ་དམ་ཟབ་ཡོད་པས་ལྷོད་གཡེང་གཏན་ནས་གཏོང་མི་རུང་བ་དང་།གྲོང་ཁྱེར་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་།མི་དམངས་གོང་དུ་བཀུར་བ་དང་།ཚེ་སྲོག་གོང་དུ་བཀུར་བ། ཚད་གཞི་མཐོ་ཤོས་དང་།བླང་བྱ་ནན་ཤོས། བྱ་ཐབས་ཡག་ཤོས་བཅས་ཀྱི་ཐོག་ནས།ས་ཡོམ་སྔོན་འགོག་དང་ཉེན་གཡོལ། གནོད་སྐྱོན་གྲལ་བཤེར།འཕྲལ་སྡོམ་ལས་སྡོད་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ།ཡང་བསྐྱར་གནོད་འཚེ་ཐོན་རྒྱུ་གཏན་འགོག་བྱེད་དགོས་ཞེས་ནན་གསུང་གནང་བ་རེད། ཀྲང་ལི་ཡིས་བསམ་བློའི་ཐད་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ད་ཐེངས་ས་ཡོམ་གྱི་ཚབས་ཆེའི་རང་བཞིན་དང་།གནོད་འཚེ་ངེས་གཏན་མེད་པ།འགོག་ཟོན་ལས་དོན་གྱི་གལ་ཆེའི་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས།གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་མདུན་བསྐྱོད་བཀོད་འདོམས་དང་འཐབ་ས་དང་པོར་བཀོད་གཏོང་བྱས་ནས།བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས། གྲལ་བཤེར་བྱེད་པར་ས་ཁོངས་ཧྲིལ་པོར་ཁྱབ་དགོས་པ་མ་ཟད།མི་དམངས་སྡོད་སའི་ཁང་པ་དང་།སློབ་གྲྭའི་སྨན་ཁང་།འགྲོ་ལམ་འགྲིམ་འགྲུལ་སོགས་གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་འདུ་ར།གཙོ་གནད་ས་གནས་བཅས་ལ་ཞིབ་བཤེར་ཡག་པོ་བྱས་ཏེ་གནོད་སྐྱོན་གྱི་རྐྱེན་ངན་སྔ་ཙམ་ཤེས་རྟོགས་དང་།སྔ་ཙམ་ཐག་གཅོད། སྔ་ཙམ་གཙང་སེལ་བཅས་ཐུབ་པ་བྱེད་དགོས།སྔོན་འགོག་ཐད་བྱ་ཐབས་སྔོན་ལ་གཏན་འཁེལ་བྱས་ནས། ཕྱོགས་ཡོངས་ནས་འཕྲལ་སྡོམ་སྔོན་ཇུས་ཞིབ་ཕྲ་བཟོས་ནས།འཕྲལ་སྡོམ་དངོས་ཟོག་གྲབས་གསོག་གང་ལེགས་བྱེད་པ་དང་།འཕྲལ་སྡོམ་དཔུང་ཁག་གིས་བཀའ་བསྒུགས་ནས་དམག་གྲབས་ལེགས་པར་བྱེད་ཅིང་།མཉམ་འགོག་མཉམ་བཅོས་དང་། མཉམ་འགོག་མཉམ་སྡོམ་གྱི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱས་ཏེ།མང་ཚོགས་རྣམས་ལ་ས་ཡོམ་ཉེན་ཡོལ་གྱི་ཤེས་བྱ་ཁོང་དུ་ཆུད་པ་ཁྲིད་སྟོན་བྱེད་པ་དང་།རང་ཉིད་སྲོག་སྐྱོབ་དང་མི་ཕན་ཚུན་སྐྱོབ་རེས་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། དྲ་ཐོག་ནས་གནད་དོན་འདི་དག་ལ་དོ་ཁུར་ཟབ་མོ་བྱས་ཏེ།གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། གཞུང་ཕྱོགས་ཀྱི་དབང་གྲགས་ལྡན་པའི་ཆ་འཕྲིན་འཕྱུགས་མེད་ངང་བརྒྱུད་སྤྲོད་བྱེད་པ། སྤྱི་ཚོགས་ཀྱི་དོ་ཁུར་ལ་རང་འགུལ་ངང་ལན་རྒྱག་པ་བཅས་བྱས་ཏེ། གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། ལས་རེས་ལྟ་སྲུང་ལས་ཀ་གཟབ་ནན་དངོས་སྒྲུབ་གང་ལེགས་བྱས་ཏེ། ལས་དོན་མི་སྣས་ཆེད་མངགས་ལས་རེས་ལྟ་སྲུང་བྱེད་པ་དང་། འགོ་ཁྲིད་ཀྱིས་ལས་རེས་སྣེ་ཁྲིད་དང་ཆ་འཕྲིན་སྐྱེལ་སྤྲོད་ལམ་ལུགས་བཅས་ལག་བསྟར་ནན་པོ་བྱས་ནས། ཉེན་ཁ་དང་གནོད་སྐྱོན་རྐྱེན་ངན། རྒྱུན་གཏན་མིན་པའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ། ལམ་སེང་ཐག་གཅོད་དང་།ལམ་སེང་སྙན་ཞུ།ལམ་སེང་བཀག་སྡོམ་བཅས་བྱས་ནས། བཀའ་བརྡ་ཤར་གཏོང་དང་། བཀོད་གཏོང་ནུས་ལྡན། ཐག་གཅོད་ནུས་ལྡན་བཅས་ཡོང་བའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།