国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月27日

ཆབ་མདོའི་སྤང་མདའ་ནས་ཁུན་མིང་ཁྲང་ཧྲུའེ་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་25ཉིན། ཆབ་མདོའི་སྤང་མདའ་ནས་ཁུན་མིང་ཁྲང་ཧྲུའེ་བར་གྱི་ཐད་འཕུར་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ་དང་། གནམ་གྲུ་འཕུར་ཐེངས་དང་པོའི་མཛད་སྒོ་དེ་ཆབ་མདོའི་སྤང་མདའ་གནམ་ཐང་དུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་ལི་ཧྲུའུ་གོ་དང་། བོད་ལྗོངས་གནམ་ཐང་ཚོགས་པའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཚུང་ཏཱ་ཕང་བྱེད་སྒོར་ཞུགས་ཡོད་པ་རེད།

ཞོགས་པའི་ཆུ་ཚོད་8དང་སྐར་མ་24ཡི་ཐོག་བོད་ལྗོངས་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་TV9884ཡིས་འགྲུལ་པ་མི75ཆབ་མདོའི་སྤང་མདའ་གནམ་ཐང་དུ་བརྟན་པོའི་ངང་བབས་ཐུབ་པ་དང་། དེའི་ཐོག་ནས་ཡུན་རིང་རེ་སྒུག་བྱས་པའི་ཡུན་བོད་མཁའ་ལམ་བདེ་བླག་ངང་ཤར་གཏོང་ཐུབ་པ་མཚོན་ཡོད། གནམ་གྲུ་གཞག་སར་ཡོད་པའི་མི་ཚོས་གནམ་གྲུ་ལས་འབབ་མཁན་འགྲུལ་པ་ཚང་མར་དཀར་གཙང་མཇལ་དར་ཕུལ་བ་མ་ཟད། གནམ་གྲུ་འཕུར་ཐེངས་ཐོག་མར་བཞུགས་པའི་དྲན་གསོའི་ལག་རྟགས་དང་ཆབ་མདོའི་མཁའ་འགྲུལ་དྲིལ་བསྒྲགས་ལག་དེབ་ཀྱང་སྤྲད་པ་རེད། གནམ་གྲུར་སྡོད་མཁན་འགྲུལ་པ་ཚོ་དགའ་སྤྲོས་ཁེངས་བཞིན་གཙོ་དོན་རྒྱབ་ལྗོངས་འགྲེམས་པང་མདུན་དུ་ཡོང་ནས་མཉམ་པར་བརྒྱབ་སྟེ་དོན་སྙིང་ཆེན་པོ་ལྡན་པའི་ལོ་རྒྱུས་ཀྱི་དུས་ཚོད་དེ་ཟིན་ཐོར་བཀོད་པ་རེད།

དེ་དང་ཆབས་ཅིག གནམ་ཐང་གི་གནམ་གྲུ་སྒུག་སའི་ཚོམས་ཆེན་དུ་ཆབ་མདོའི་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་སྔ་ས་ནས་གནམ་གྲུར་སྡོད་པ་དང་བདེ་འཇགས་ཞིབ་བཤེར་གྱི་འགྲོ་ལུགས་གཉེར་ནས་གནམ་གྲུར་སྡོད་རྒྱུ་སྒུག་བསྡད་ཡོད། མཁའ་ལམ་གསར་པ་འདི་ཡིས་བོད་ཤར་རྒྱུད་ཀྱི་མང་ཚོགས་ཕྱི་ལ་འགྲོ་བར་སྟབས་བདེ་བསྐྲུན་ཡོད་པ་སྟེ། ད་ལྟ་དུས་བཞིར་རྩི་ཤིང་མེ་ཏོག་རབ་ཏུ་བཞད་ནུས་པའི་ཁུན་མིང་ལ་ལྟ་སྐོར་དང་རྩེད་མོ་རྩེ་བར་སྐྱོད་པའམ་ཡང་ན་ཕྱི་ཕྱོགས་སུ་ཚོང་རྒྱག་པ་དང་ངོ་འཕྲད་གྲོས་མོལ་བྱེད་པ་དང་གཞུང་དོན་སྒྲུབ་པ་གང་ཡིན་རུང་དེ་སྔ་ལྟར་གྲོང་ཁྱེར་གཞན་བརྒྱུད་པའི་འགྲུལ་བཞུད་ལ་ཡར་སྐོར་མར་སྐོར་མང་པོ་བྱེད་དགོས་པའི་དཀའ་ངལ་དེ་འདྲ་མྱོང་དགོས་ཀྱི་མེད་པ་རེད།

ང་ནི་ཆབ་མདོར་ལས་ཀ་ལས་མཁན་ཞིག་ཡིན། སྔོན་མ་ནས་ཡུན་ནན་དུ་ཡུལ་སྐོར་འགྲོ་རྒྱུའི་འཆར་གཞི་ཡོད། འོན་ཀྱང་འགྲིམ་འགྲུལ་སྟབས་བདེ་པོ་མེད་པས་འཆར་གཞི་དེ་ལག་ལེན་བསྟར་ཐུབ་མ་སོང་། ད་རེས་ཆབ་མདོ་ནས་ཁུན་མིང་བར་གྱི་མཁའ་ལམ་ཐོག་མ་དེ་ཤར་གཏོང་ཐུབ་རྗེས། ངས་མགྱོགས་པོ་གནམ་གྲུ་སྤ་སེ་ཉོས་ནས་ཆེད་མངགས་ཡུན་ནན་དུ་ཡུལ་སྐོར་འགྲོ་རྒྱུ་ཡིན་ཞེས་བཤད་ཡོད།

གནམ་གྲུ་འཕུར་ཐེངས་དང་པོའི་མཛད་སྒོ་སྤེལ་ཚར་རྗེས། ཆབ་མདོའི་མཁའ་འགྲུལ་ཁྲོམ་ར་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད། ཚོགས་འདུར་ཞུགས་མཁན་མི་ཚོས་མཁའ་ལམ་ནས་འགྲུལ་པ་གདན་འདྲེན་དང་། རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ། ལེ་ལག་ཚང་བའི་སྲིད་ཇུས་ཀྱི་རོགས་སྐྱོར། ཕྱོགས་མང་པོའི་མཐུན་སྦྱོར་མཉམ་འགུལ་སོགས་ལ་དམིགས་ཏེ་ཐབས་ཇུས་ཧུར་ཐག་བཏོན་པ་རེད། ཚང་མས་ཡུན་ནན་དང་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། “མཁའ་འགྲུལ་དང་ཡུལ་སྐོར་ཟུང་དུ་འབྲེལ་བའི”ཐོན་རྫས་གསར་སྤེལ་ཡག་པོ་བྱས་ནས། མཁའ་ལམ་གསར་པ་བརྟན་པོ་དང་རྒྱུན་མཐུད་ངང་གཉེར་སྐྱོང་བྱ་རྒྱུ་ཐུན་མོང་ཐོག་འགན་སྲུང་བྱས་ཏེ། ས་གནས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དར་རྒྱས་གོང་འཕེལ་འགྲོ་ཆེད་གསོན་ཤུགས་གསར་པ་བསྣན་རྒྱུ་ཡིན་ཞེས་བཤད་པ་རེད།

ཁུན་མིང་ནས་ཆབ་མདོ་བར་དུ་མཁའ་ལམ་ཤར་གཏོང་ཐུབ་པ་འདི་ནི་ཁུན་མིང་གནམ་ཐང་གིས་ལྷ་སར་དམིགས་ནས་ཤར་གཏོང་བྱས་པའི་མཁའ་ལམ་གཉིས་པ་དེ་ཡིན་ལ། ང་ཚོ་ཡུན་ནན་ནས་བོད་ལ་ཕེབས་པའི་བགྲོད་ལམ་གསར་པ་ཞིག་ཀྱང་ཡིན། སླད་ཕྱིན་ང་ཚོས་ཡུན་ནན་དང་བོད་ལྗོངས་ས་ཁུལ་གཉིས་ཀྱི་འགྲིམ་འགྲུལ་དང་ཡུལ་སྐོར་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱ་རྒྱུ་ཡིན། ང་ཚོས་བོད་ཀྱི་མི་དམངས་རྣམས་མཁའ་ལམ་འདིའི་གནམ་གྲུར་བཞུགས་ནས་ཁུན་མིང་དུ་ཕེབས་རྗེས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཕེབས་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོའི་སྤང་མདའ་ནས་ཁུན་མིང་ཁྲང་ཧྲུའེ་བར་གྱི་མཁའ་ལམ་དེ་བོད་ལྗོངས་མཁའ་འགྲུལ་གྱི་མཁའ་གྲུ་A319ཡིས་འཕུར་འགན་ཁུར་བ་དང་།དགུན་དུས་སུ་ཉིན་རེར་ཕར་ཚུར་ཐེངས་རེ་འཕུར་རྒྱུ་དང་། མཁའ་དབྱིངས་ནས་འཕུར་བའི་དུས་ཚོད་ཆུ་ཚོད་གཉིས་ཙམ་ཡིན་པ་རེད། འདི་ནི་ཆབ་མདོའི་སྤང་མདའ་གནམ་ཐང་གིས་ཁྲེང་ཏུའུ་དང་། ལྷ་ས། ཁྲུང་ཆིང་། ཤིས་ཨན། པེ་ཅིང་། མན་ཡང་བཅས་ཀྱི་རྗེས་སུ་ཤར་གཏོང་བྱས་པའི་མཁའ་ལམ་7པ་དེ་ཡིན་ཞིང་། མཁའ་ལམ་གྱི་འབྲེལ་ཐག་ཅིག་གིས་བོད་ཀྱི་ཤར་རྒྱུད་དང་ཡུན་ནན་གྱི་དབུས་རྒྱུད་ས་ཁུལ་གྱི་མཁའ་ལམ་བར་ཁྱམས་དངོས་སུ་བཏོད་དེ། ས་ཁོངས་ཀྱི་མཁའ་འགྲུལ་དྲ་རྒྱ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། ཡུན་བོད་དབར་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་དང་རིག་གནས་དང་ཡུལ་སྐོར་སྤེལ་རེས་ལ་མྱུར་ཚད་མཐོ་བའི་སྤྲིན་ཟམ་བསྐྲུན་ཡོད་པ་རེད།