国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月27日

ལའོ་ཆིན་འུའུ་ཡིས་ལྷོ་རོང་དང་དཔའ་ཤོད་རྫོང་དུ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་19ཉིན་ནས་22བར་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་ལྷོ་རོང་རྫོང་དང་དཔའ་ཤོད་རྫོང་དུ་བསྐྱོད་དེ་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ནས་མང་ཚོགས་ཀྱི་འབབ་འཕར་དང་།ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་བཅས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

ལྷོ་རོང་རྫོང་ཁང་གསར་གྲོང་རྡལ་རྙོ་ཀེས་གྲོང་ཚོ་དང་གཡས་སྟོད་གྲོང་ཚོ། རྫི་ཐོ་གྲོང་རྡལ་གྱི་ནས་ཡག་གྲོང་ཚོ།དཔའ་ཤོད་རྫོང་རྭ་འོག་གྲོང་རྡལ་གྱི་ལ་སྒོ་གྲོང་ཚོ་བཅས་སུ། ལའོ་ཆིན་འུའུ་ཡིས་གཞི་རིམ་གྱི་ལས་བྱེད་མང་ཚོགས་རྣམས་དང་སྤེལ་རེ་གནང་སྟེ། མང་ཚོགས་ཀྱི་འབབ་འཕར་དང་གཞི་རིམ་རྩ་འཛུགས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ཐད་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད། ཁོང་གིས་ངལ་ལས་ཕྱིར་གཏོང་གི་སྒྲིག་འཛུགས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འཚོ་རྟེན་ལས་སྤྲོད་ཀྱི་ཡོང་འབབ་འཕར་ལམ་རྒྱ་ཆེར་གཏོད་པ། ཐོན་སྦྲེལ་དུད་སྦྲེལ་བྱེད་སྟངས་ལ་བརྟེན་ནས་ཁྱད་ལྡན་ཞིང་འབྲོག་ཐོན་ལས་སྐྱེད་སྲིང་བྱེད་པ། མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ། “ལས་གཞི་ཁྲི་སྟོང”གི་ཉམས་མྱོང་སྦྱོང་སྤྱོད་ཀྱིས་གྲོང་ཚོའི་རྣམ་པ་མུ་མཐུད་ནས་བཅོས་སྒྲིག་དང་ལེགས་སུ་གཏོང་བ་བཅས་བྱས་ཏེ། གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས་པ་དང་བསམ་བློའི་ཁྲིད་སྟོན་དང་དྲིལ་བསྒྲགས་སློབ་གསོར་དམ་འཛིན་ཏན་ཏིག་བྱས་ནས། མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་བསྒྱུར་བ་དང་བསམ་པའི་འཁྱེར་སོ་གོང་མཐོར་གཏོང་བར་སྐུལ་འདེད་དང་མང་ཚོགས་ཀྱི་སེམས་གཏིང་གི་སྒུལ་ཤུགས་སྐྱེད་དགོས་ཞེས་ནན་བཤད་གནང་ཡོད་པ་རེད།

ལྷོ་རོང་རྫོང་ཁང་གསར་གྲོང་རྡལ་སློབ་ཆུང་གི་སྤུས་ཚད་མཐོར་གཏོང་དང་བསྒྱུར་བཀོད་རྣམ་གྲངས་ཀྱི་ས་གནས་ས་ཐོག་ཏུ། ལའོ་ཆིན་འུའུ་ཡིས་ཨར་ལས་འཕེལ་རིམ་དང་ལེ་ལག་ཆ་ཚང་གི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཚུལ་ཐད་ནས་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཚད་གཞི་དང་སྤུས་ཚད་མཐོ་བའི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ལེ་ལག་ཆ་ཚང་གི་སྒྲིག་བཀོད་སྤྱི་འདོམས་འཐུས་ཚང་དུ་གཏོང་དགོས་པ་དང་། སྤྱོད་བཟང་ལ་བརྟེན་ནས་མི་སྣ་གསོ་སྐྱོང་གི་རྩ་བའི་སློབ་གཉེར་འདུ་ཤེས་རྒྱུན་འཁྱོངས་དང་། གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་ཡག་པོར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བར་རྩེ་གཅིག་ཏུ་དམིགས་ནས། མི་བཟང་གསོ་སྐྱོང་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཁྱད་ལྡན་སློབ་གྲྭ་ཡག་པོ་གཉེར་དགོས།

ལ་སྒོའི་འཁྱགས་ཀླུང་དུ། ལའོ་ཆིན་འུའུ་ཡིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལན་སྤྲོད་གནད་དོན་དག་ཐེར་ཡོ་བསྲང་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་གནང་ཡོད་པ་རེད། ཁོང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བསྐྱེད་ཅིང་ལག་ལེན་བསྟར་བ་དང་། ལན་སྤྲོད་གནད་དོན་དག་ཐེར་ཡོ་བསྲང་བྱེད་པར་ཚད་མཐོའི་མཐོང་ཆེན་དང་གཅིག་ཤེས་ཀུན་གྲོལ། རྩ་ལག་མཉམ་བཅོས་བྱས་ཏེ། ཆ་ཚང་བཅོས་སྐྱོང་ལ་སྐུལ་འདེད་དང་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཕན་ནུས་མུ་མཐུད་ཆེ་རུ་གཏོང་དགོས་རྒྱུར་ནན་བཤད་གནང་བ་རེད།

བརྟག་ཞིབ་གནང་རིང་། ལའོ་ཆིན་འུའུ་ཡིས་ལྷོ་རོང་རྫོང་དང་དཔའ་ཤོད་རྫོང་གི་སྲིད་གཞུང་ཚན་ཁག་དང་བཞུགས་མོལ་གནང་བ། ཁོང་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞིགས་ནས་འཕེལ་རྒྱས་ཀྱི་ངེས་གནས་གནད་ལ་འཁེལ་བར་འཚོལ་བ་དང་། དེའི་ལེགས་ཆ་སྤྱོད་པ་དང་ཞན་ཆ་གསབ་པ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་སྤུས་ལེགས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ། རྣམ་གྲངས་འཛུགས་སྐྲུན་ལ་ཇུས་འགོད་ཡང་དག་བྱེད་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད། རྫོང་ཁོངས་ཀྱི་དཔལ་འབྱོར་སྤུས་དག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་བ། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས“ལྔ་གཏོད་ཆབ་མདོ”བསྐྲུན་རྒྱུར་ནན་བཤད་གནང་བ་རེད།

ལའོ་ཆིན་འུའུ་ཡིས་ད་དུང་ཁང་གསར་གྲོང་རྡལ་བཞི་བཀྲམ་དགོན་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་དགོན་སྡེའི་དཔེ་མཚོན་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།