འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་སྨར་ཁམས་རྫོང་དུ་ཕེབས་ནས། གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ་ཐོན་ལས་འཕེལ་རྒྱས་དང་རྣམ་གྲངས་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
བོད་ལྗོངས་གསར་སྤེལ་མ་འཇོག་ཤོད་ཐང་ཨར་འདམ་ཚད་ཡོད་ཀུང་སི་ནི་ཆབ་མདོའི་བཟོ་སྐྲུན་རྒྱུ་ཆའི་གཙོ་གནད་ཁེ་ལས་ཤིག་ཡིན། ཀྲང་ལི་བཟོ་གྲྭར་ཕེབས་ནས་ཐོན་སྐྱེད་འཁོར་སྐྱོད་ལ་གཟིགས་ཞིབ་དང་ཁེ་ལས་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ནན་ཏན་གནང་སྟེ། ཁེ་ལས་ལ2026ལོའི་བོད་རང་སྐྱོང་ལྗོངས་ཀྱི་འབྱུང་འཕྲོད་བཟོ་གྲྭའི་མཚན་སྙན་ཐོབ་པར་ཁས་ལེན་གདེང་འཇོག་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྔོན་སྤེལ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ནས། རྩེ་གྲ་ཅན་དང་རིག་ནུས་ཅན།
འབྱུང་འཕྲོད་ཅན་བཅས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་འཛུགས་གཏོད་ཀྱི་གྲུབ་འབྲས་བརྟན་དུ་བཏང་ནས་ལག་རྩལ་དང་བསྒྱུར་བཀོད་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ་དང་། གད་སྙིགས་མཐུན་སྦྱོར་གཙང་སེལ་དང་སྙིགས་མ་ཉུང་གཏོང་བསྒྱུར་བཀོད།ཐོན་ནུས་བརྗེ་སྒྱུར་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བརྟན་པོར་བཏང་ནས།ཐོན་རྫས་ལ་ཚན་རྩལ་གྱི་ཆ་དང་དེར་འབྲེལ་རིན་ཐང་གོང་མཐོར་སྤེལ་ཏེ་ལས་རིགས་ཀྱི་མིག་ལྟོས་བཅའ་དགོས།ཐོག་མཐའ་བར་གསུམ་དུ་མི་དམངས་གོང་བཀུར་དང་ཚེ་སྲོག་གོང་བཀུར་མཐའ་འཁྱོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དམ་དུ་འཛིན་ནས། ཉེན་ཁའི་རྐྱེན་རྩ་སྣ་ཚོགས་རྩད་ཞིབ་དང་བཅོས་སྒྲིག་གཏིང་ཟབ་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱས་ཏེ།དཔལ་འབྱོར་གྱི་ཕན་འབྲས་དང་སྐྱེ་ཁམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་མཉམ་གནས་ཡོང་བར་བྱ་དགོས།
ཀྲུང་གོ་ཆུ་གློག་ཅུད་བཞི་པའི(ཆབ་མདོ)ནུས་ཁུངས་ལས་གཞི་ཚད་ཡོད་ཀུང་སི་དང་། གུ་ཤོད་གློག་ཁང་།རོང་སྨད་འཛུགས་སྐྲུན་དོ་དམ་ཅུད་བཅས་སུ་ཀྲང་ལི་ཡིས་རྣམ་གྲངས་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ། གནས་སྤོས་བཀོད་སྒྲིག བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་བསྟན་དོན། ཆུ་གློག་ནི་བོད་ཤར་རྒྱུད་ཀྱི་ནུས་ཁུངས་གཙང་མའི་འདེགས་སྐྱོར་གཙོ་བོ་ཡིན་པས།ས་གནས་དང་ཁེ་ལས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་།མཉམ་སྐྲུན་མཉམ་སྤྱོད་མཉམ་དར་གྱི་ལམ་སྲོལ་འཛུགས་པ། ཐག་ཇེ་ཉེར་སྟབས་ཇེ་བདེའི་སྒོ་ནས་ལས་མི་བཀོལ་ཏེ། ས་གནས་དེ་གའི་མང་ཚོགས་སྔར་ལས་མང་བ་འཛུགས་སྐྲུན་ནང་ཞུགས་སུ་འཇུག་དགོས། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གིས་ཁྲིམས་སྲོལ་ལྟར་གནས་སྤོས་ཡུལ་མི་བཀོད་སྒྲིག་ལེགས་པར་བྱེད་པ་དང་།རྗེས་སྐྱོང་ཐོན་ལས་ཀྱི་རྣམ་གྲངས་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ།གནས་སྤོ་ཐུབ་པ་དང་གཞི་ཚུགས་པ།ཕྱུག་པོ་ཆགས་ཐུབ་པ་བཅས་བྱ་དགོས།སྐྱེ་ཁམས་ཀྱི་མཐའ་ཚད་ནན་སྲུང་གིས་ནུས་ཁུངས་གཙང་མའི་རྟེན་གཞི་འཛུགས་སྐྲུན་དང་སྐྱེ་ཁམས་བཅོས་སྐྱོང་གོང་སྤེལ། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་བཅས་གཅིག་གྱུར་འཆར་འགོད་བྱ་རྒྱུ་དང་།ཆུ་རྒྱུད་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང་མཐུན་སྦྱོར་གོང་འཕེལ་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ།ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་བཅོས།སྐྱེ་ཁམས་གོང་སྤེལ་བཅས་མཉམ་གནས་ཡོང་བར་བྱ་དགོས།ལས་གཞིའི་སྤུས་ཚད་དམ་འཛིན་དང་རྣམ་གྲངས་ལ་དོ་དམ་ཆེར་གཏོང་།འཛུགས་སྐྲུན་མྱུར་ཚད་མགྱོགས་གཏོང་བཅས་བྱས་ཏེ།བདེ་འཇགས་འགོག་སྲུང་གི་བྱ་ཐབས་ཇེ་ཞིབ་ཇེ་ལེགས་སུ་བཏང་ནས། རྣམ་གྲངས་འཛུགས་སྐྲུན་སྔ་གྲུབ་དང་བེད་སྤྱོད་སྔ་གཏོང་ཡོང་བར་བྱ་དགོས།
“ད་ལོར་ཐོན་ཚད་ཇི་བྱུང་དང་ཚོང་ཇི་ཕོག མང་ཚོགས་ལས་ཞུགས་ཇི་ཙམ་ཐུབ་པ”སོགས་ཀྱི་སྐོར་ནས། ཀྲང་ལི་བོད་ཤར་གཅེས་ནོར་ཆང་ལས་ཚད་ཡོད་ཀུང་སིར་ཕེབས་ཏེ།ཁེ་ལས་ཀྱི་འགན་འཁུར་བ་དང་གླེང་མོལ་ཞིབ་ཕྲ་གནང་བ་རེད།ཁོང་གིས་གསུངས་དོན། རྒུན་ཆང་ཐོན་ལས་ནི་ཆབ་མདོས་གཙོ་གནད་དུ་སྐྱེད་སྲིང་བྱས་པའི་ཁྱད་ལྡན་སྤུས་ལེགས་ཀྱི་ཐོན་ལས་ཤིག་ཡིན་ལ་གྲོང་གསེབ་ཕྱོགས་ཀུན་དར་རྒྱས་ལ་མཐུན་རྐྱེན་སྦྱོར་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད།བོད་ཤར་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་འཆར་འགོད་བྱས་ནས། ཐོན་ལས་སྦྲེལ་ཐག་རིང་དུ་གཏོང་བ་དང་། “ཁེ་ལས་དང་རྟེན་གཞི།ཞིང་དུད”བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ཞིང་ལས་རིག་གནས་ཡུལ་སྐོར་ཚོང་ལས་སོགས་སྣ་མང་འཛད་སྤྱོད་ཀྱི་རྣམ་པ་གསོས་ཏེ།“རྒུན་འབྲུམ་ཆུང”ཡང“ཐོན་ལས་ཆེན་པོ”ཞིག་ཏུ་གཏོད་དགོས། སྤུས་རྟགས་ཀྱི་རིན་ཐང་སྐྱེད་སྲིང་དང་ཚན་རྩལ་གྱིས་འདེགས་སྐྱོར་བྱས་ཏེ།རྒུན་རིགས་ལེགས་སྤེལ་དང་སྤུས་ཚད་མཐོར་གཏོང་།སྤུས་རྟགས་གཏོད་པ་དང་ཐོན་སྐྱེད་ཚད་ལྡན་བཅས་ལ་སྐུལ་འདེད་བཏང་ནས། ཟླ་ཆུའི་རོང་སར་ཡོད་པའི་རྒུན་ཆང་གི་མིང་གྲགས་ཆེ་རུ་གཏོང་དགོས།ཚོང་ལམ་རྒྱ་སྐྱེད་ཀྱིས་དྲ་ཐོག་དང་ཡུལ་དངོས་གཉིས་ཀ་ནས་ཤུགས་རྒྱག་པ་དང་།མཛོད་ཁང་དང་ཟོང་འགྲུལ་གྱི་ཞན་ཆ་ཁ་སྐོང་བྱས་ནས། རྒུན་ཆང་བཟོ་ཐུབ་པ་དང་བཙོང་ཐུབ་པ། བོགས་ཐོན་པའི་འགན་ལེན་བྱ་དགོས།
འཇང་མི་རིགས་ཤང་དང་ཆུ་ཚན་ཁ་ཤང་དུ། ཀྲང་ལི་ཡིས་ཚྭ་ཞིང་སྲུང་སྐྱོབ་དང་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱས་ཚུལ་གྱི་ངོ་སྤྲོད་གསན་བཞེས་ནན་ཏན་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་སྐབས་གསུམ་པའི་གྲོང་གསེབ་ཀྱི་ལག་རྩེད་སྤོ་ལོའི་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་ཡུལ་དངོས་སུ་ཞིབ་བཤེར་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན།ལོ་ངོ་སྟོང་གི་ཚྭ་ཞིང་གི་རིན་ཐང་ནི་གདོད་མའི་སྐྱེ་ཁམས་ཡིན་ལ་མཛེས་ཆོས་ནི་གསོན་ཉམས་ཡོད་པ་དེ་ཡིན།དེར་བརྟེན་སྲུང་སྐྱོབ་སྔོན་སྤེལ་དང་བེད་སྤྱོད་ལུགས་མཐུན་གྱིས་གཞི་རིམ་གྱི་རྩ་འཛུགས་སྟོབས་ཆེར་སྐྱོང་བ་དང་སྲུང་སྐྱོབ་ཀྱི་འཆར་འགོད་ལེགས་པར་འཐེན་པ།མཉམ་ལས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།བདག་སྐྱོང་བྱེད་མཁན་ཁ་གསལ་བཟོ་བ་སོགས་ཀྱི་ལས་ཀའི་བླང་བྱ་ལྟར། སྲུང་སྐྱོབ་རྒྱུན་འཛིན་དང་གསར་སྤེལ་བེད་སྤྱོད་ཀྱི་བྱ་བ་གཅིག་གྱུར་ལེགས་སྒྲུབ་བྱས་ཏེ། ལོ་ངོ་སྟོང་གི་ཚྭ་ཞིང་རྒྱུན་འཛིན་ཁྲོད་ནས་གསོན་ཤུགས་རྒྱས་པར་བྱ་དགོས། གྲོང་གསེབ་ཀྱི་ལག་རྩེད་སྤོ་ལོའི་འགྲན་ཚོགས་ཀྱི་སྣེ་འདྲེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།ཁྱད་ཆོས་དང་ཆུ་ཚད།ཕན་འབྲས་བཅས་ཡོད་པའི་ཐོག་ནས་སྤེལ་ཏེ།མང་ཚོགས་ཀྱི་རིག་གནས་འཚོ་བ་གྲ་ཇེ་རྒྱས་དང་མི་རིགས་ཁག་གི་མང་ཚོགས་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས།
བརྟག་ཞིབ་སྐབས་སུ་ཀྲང་ལི་ཡིས་བསྟན་དོན། “གསོན་ཤུགས་ཆབ་མདོ”གཏོད་རྒྱུའི་འགག་རྩ་འཕེལ་རྒྱས་དང་རྨང་གཞི་རྫོང་ཁོངས་སུ་ཡོད།རྫོང་ཆུས་ཁག་གི་ཐོན་ཁུངས་ཀྱི་ལེགས་ཆ་མི་འདྲ་བས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བསྐྱེད་ཅིང་ལག་ལེན་བསྟར་བ་དང་།ཚན་རྩལ་གྱི་འདེགས་སྐྱོར་ཤུགས་ཆེ་རུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་སྤུས་ལེགས་ཀྱི་ཐོན་ལས་ལ་དམ་འཛིན་ལེགས་པར་བྱེད་པ། ཁྱད་ལྡན་ཐོན་ལས་སྤུས་དག་གོང་འཕེལ་ལ་བརྟེན་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བཅས་བྱས་ཏེ།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བསྐྱེད་དེ།ཚན་རིག་དང་མཐུན་པའི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ།དམངས་འཚོའི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ལེགས་པར་བྱེད་པ།མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ།“གསོན་ཤུགས་ཆབ་མདོ”འཛུགས་སྐྲུན་གྱི་དོན་དུ་འདེགས་སྐྱོར་བརྟན་པོར་བྱ་དགོས།

