འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10ཚེས19ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་སློབ་ཆུང་དང་པོས2026ལོའི་སྟོན་དུས་ཀྱི་ལུས་རྩལ་འགྲན་ཚོགས་དེ་ཅིན་ཆབ་ལུས་རྩལ་རིག་གནས་ལྟེ་གནས་སུ་འགོ་ཚུགས་པ་དང་། སློབ་གྲྭ་ཡོངས་ཀྱི་དགེ་སློབ་དང་ཁྱིམ་བདག་གི་འཐུས་མི་རྣམས་འགྲན་རར་འཛོམས་ནས། དུས་ཡུན་ཉིན་གཉིས་རིང་གི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ངང་ཚོགས་པ་རེད།
དཔའ་ཉམས་འཕེལ་བའི་རོལ་དབྱངས་དང་བསྟུན་ནས། རྒྱལ་དར་རུ་སྟར་དང་། སློབ་གྲྭའི་དར་ཆ་རུ་སྟར། བརྗོད་བྱ་གཙོ་བོའི་རུ་སྟར།དར་ཚོན་རུ་སྟར་བཅས་དང་དེ་བཞིན་འཛིན་གྲྭ་ཁག་གི་རུ་སྟར་རིམ་པ་བཞིན་སྒྲིག་པ་དང་། ཤན་འབྱེད་པ་དང་། དགེ་རྒན། ཁྱིམ་བདག་བཅས་ཀྱི་རུ་སྟར་སྔ་རྗེས་སུ་བང་སྒྲིག་ནས་སོང་ཡོད་པ་རེད།
འགྲན་རར་ཞུགས་ཚར་རྗེས། དགེ་སློབ་ཚང་མས་གུས་སྟབས་ཀྱིས་ལངས་ནས་རྒྱལ་དར་སྒྲེང་བ་དང་།རྒྱལ་གླུ་གཏོང་བའི་མཛད་སྒོ་འཚོགས་ཡོད། ལུས་རྩལ་པའི་འཐུས་མི་དང་། ཤན་འབྱེད་པའི་འཐུས་མི་སོ་སོས་གཟི་བརྗིད་ལྡན་པའི་ངང་དམ་བཅའ་བཞག་པ་དང་། དེ་རྗེས《གངས་ལྗོངས་སྐོར་བྲོ》དང《རྟ་མཆོག་ཉི་འོད་རླུང་འཕྲིན་ལུས་སྦྱོང་》ཞེས་པའི་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་པ་དེའི་ཐོག་ནས། སློབ་མ་ཚོས་གདེང་ཚོད་དང་མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས་མཚོན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་དུས་ཡུན་ཉིན་གཉིས་ཡིན་པ་དང་། ལོ་རིམ་ཁག་གི་སློབ་མའི་ཁྱད་ཆོས་ལ་ཟུང་འབྲེལ་བྱས་ནས། རྣམ་གྲངས་བཀོད་སྒྲིག་བྱས་པ་སྟེ། ལོ་རིམ་དང་པོ་དང་། ལོ་རིམ་གཉིས་པའི་སློབ་མའི་རྣམ་གྲངས་དེ་ཕ་མ་དང་བུ་ཕྲུག་གི་རྣམ་གྲངས་ཡིན་པ་དང་།ལོ་རིམ་གསུམ་པ་དང་། ལོ་རིམ་བཞི་པའི་སློབ་མའི་རྣམ་གྲངས་དེ་མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས་ཡིན་པ། ལོ་རིམ་ལྔ་པ་དང་། ལོ་རིམ་དྲུག་པའི་སློབ་མའི་རྣམ་གྲངས་དེ་ལག་རྩེད་སྤོ་ལོ་དང་རྐང་རྩེད་སྤོ་ལོ་འགྲན་སྡུར་གྱི་རྣམ་གྲངས་ཡིན་པ། དགེ་རྒན་ཚོས་ལོ་རིམ་ཚོགས་ཆུང་ཚན་པར་བྱས་ནས། ཐག་འཐེན་འགྲན་བསྡུར་དང་། ལག་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད།

