འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10ཚེས20ཉིན། གྲོང་ཁྱེར་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་བསྒྱུར་བཅོས་དང་སྤུས་དག་གོང་འཕེལ་དཔེ་སྟོན་རྣམ་གྲངས་ཀྱི་ཡུལ་དངོས་ཚོགས་འདུ་ལྷོ་རོང་དུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་།ལས་ཀའི་ཉམས་མྱོང་ཕྱོགས་བསྡོམས་དང་གཙོ་གནད་ལས་འགན་བཀོད་སྒྲིག་གནང་བ་རེད།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་སྤྱི་ལུའོ་ཆིང་ཝུའུ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་ཧོང་གོ་ཅན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།
ལུའོ་ཆིང་ཝུའུ་ཡིས་ནན་གསུང་གནང་དོན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ།མཁྲེགས་འཛིན་གྱི་བསམ་བློ་དོར་ནས་བསྒྱུར་བཅོས་ཀྱི་ཐབས་ལམ་གསར་གཏོད་བྱས་ཏེ།ཆབ་མདོའི་དོན་དངོས་དང་འཚམ་པའི་གཞུང་བཙུགས་སྨན་ཁང་གི་བསྒྱུར་བཅོས་ལམ་བུ་གསར་པ་ཞིག་གཏོད་དགོས། སྣེ་འཁྲིད་གཅིག་ལ་རྒྱུན་འཁྱོངས་ཀྱིས་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་ནི་ལས་ཀའི་བརྒྱུད་རིམ་ཀུན་ལ་ཁྱབ་པར་བྱས་ཏེ། ཆབ་སྲིད་འཛུགས་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཏང་འཛུགས་སྐྱོང་གིས་སྨན་བཅོས་བྱ་གཞག་སྤུས་དག་གོང་འཕེལ་གཏོང་བར་སྣེ་འཁྲིད་བྱ་དགོས། མ་ལག་ཆེ་ཁག་གཉིས་འཛུགས་སྐྱོང་བྱས་ཏེ། སྨན་བཅོས་མཉམ་འབྲེལ་དང་སྨན་བཅོས་གཅིག་མཐུན་ཚོགས་པ་ལེགས་གཉེར་གྱིས་ཐོན་ཁུངས་མཉམ་སྤྱོད་དང་བཟང་ཆ་སྤེལ་རེས་བྱས་ནས།སྨན་བཅོས་ཀྱི་ཐོན་ཁུངས་བོགས་སྐྱེད་དང་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་དགོས།འདེགས་སྐྱོར་ཆེ་ཁག་གསུམ་བརྟན་དུ་གཏོང་དགོས་ཤིང་།ནད་པ་ལྟེ་བར་འཛིན་པའི་འདུ་ཤེས་ཀྱི་འདེགས་སྐྱོར་ཇེ་བརྟན་དུ་བཏང་ནས།སྨན་བཅོས་ཀྱི་མཐུན་རྐྱེན་ལེགས་གཏོང་དང་ཐུགས་ཁུར་བྱམས་སྐྱོང་ཆེར་བསྐྱེད་ཀྱིས་བློ་གཅིག་སེམས་གཅིག་གིས་མང་ཚོགས་རྣམས་སྨན་བསྟེན་དཀའ་བའི་གནད་དོན་ཐག་གཅོད་བྱ་དགོས།དཔུང་ཁག་གི་ནུས་པ་དང་འདེགས་སྐྱོར་ཇེ་བརྟན་དུ་བཏང་ནས།གཞི་རིམ་གྱི་ནད་སྐྱོང་ལ་རྒྱུན་མཐུད་སྦྱོང་བརྡར་སྤེལ་བ་དང་། གཞི་རིམ་སྨན་བཅོས་ཀྱི་ཞན་ཆ་ཁ་སྐོང་གིས་ཆེད་ལས་ཅན་གྱི་སྨན་བཅོས་དཔུང་ཁག་སྟོབས་ཆེར་གཏོང་དགོས།བསྒྱུར་བཅོས་གསར་གཏོད་ཀྱི་འདེགས་སྐྱོར་བརྟན་དུ་བཏང་ནས།སྲིད་ཇུས་སྤྱི་འདོམས་དང་སྡེ་ཁག་མཉམ་ལས་མཐའ་འཁྱོངས་ཀྱིས་ལམ་སྲོལ་གསར་གཏོད་དང་དོ་དམ་གསར་གཏོད་ཀྱི་ཐོག་ནས་གཞུང་བཙུགས་སྨན་ཁང་བསྒྱུར་བཅོས་ཀྱི་བྱ་བ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་བསླེབ་པར་བྱ་དགོས། ཀྲུང་སྨན་དང་བོད་སྨན་ཟུང་འབྲེལ་གྱི་ཐད་ལ་ཐོད་བརྒལ་ཨེ་ཐུབ་བལྟ་དགོས་ཏེ།བོད་ལུགས་གསོ་རིག་གི་ཁམས་གསོའི་ཐོན་ཁུངས་འདོན་སྤེལ་གྱིས་ས་མཐོའི་ལུས་ཁམས་གསོ་ཐབས་ཀྱི་སྤུས་རྟགས་སྐྱེད་སྲིང་བྱ་དགོས། སྨན་བཅོས་ཚན་ཞིབ་ཐད་ལ་ཐོད་བརྒལ་ཨེ་ཐུབ་བལྟ་དགོས་ཏེ།གྲུམ་བུ་ཚིགས་ཆེན་གྱི་ནད་སོགས་ཡུལ་ནད་དག་ལ་གཞིགས་ནས།ནད་གཞི་ཞིབ་འཇུག་དང་ལག་རྩལ་འགག་སྒྲོལ་གྱིས་ས་མཐོའི་སྨན་བཅོས་ཞིབ་འཇུག་གི་ཁྱད་ཆོས་མངོན་དགོས།མྱུར་སྐྱོབ་གསོ་བཅོས་ཀྱི་ཐད་ལ་ཐོད་བརྒལ་ཨེ་ཐུབ་བལྟ་དགོས་ཏེ། 120མྱུར་སྐྱོབ་མ་ལག་འཐུས་ཚང་བཟོས་ཏེ་ཕྱོགས་ཡོངས་ནས་ནད་ཆེན་གསོ་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།

