国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月23日

ཀྲང་ལི་ཡིས་ཀྲུང་གོ་ཏཱ་ཐང་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ལུའེ་ཅུན་དང་བཅས་པར་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་ཀྲུང་གོ་ཏྰ་ཐང་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ལུའེ་ཅུན་དང་བཅས་པར་བཞུགས་མོལ་གནང་བ་རེད།

ཀྲང་ལི་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ལུའེ་ཅུན་སོགས་ལ་དགའ་བསུ་ཞུས་པ་དང་། ཏྰ་ཐང་ཚོགས་པས་དུས་ཡུན་རིང་པོའི་ནང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་ཀྱང་གནང་བ་རེད། ཁོང་གིས་ཆབ་མདོ་ནི་ཐོན་ཁུངས་ཕུན་སུམ་ཚོགས་པའི“གཙང་གསུམ་གནས་མཆོག”ཡིན་པས། ནུས་རྒྱུ་གཙང་མ་གསར་སྤེལ་བྱེད་པའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། མིག་སྔར། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ཆོས་ལྡན་པའི་ལེགས་ལྡན་ཐོན་ལས་དང་ལྷག་པར་དུ་ཁྱད་ལྡན་ཞིང་འབྲོག་ལས་དང་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་བླང་བྱ་གཞིར་བཟུང་། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ནས། རྒྱལ་ཁབ་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི“ཆེན་པོ་གསུམ”མགྱོགས་མྱུར་བསྐྲུན་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆར་རྒྱུན་ཆད་མེད་པར་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

ཀྲང་ལི་ཡིས། ནུས་རྒྱུ་འགན་སྲུང་དང་བདེ་འཇགས་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་ཡིན་པས། ང་ཚོས་རྒྱལ་ཁབ་ཀྱི་ནུས་རྒྱུ་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་གཞི་ཚུགས་ནས། རྣམ་གྲངས་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས།

མཉམ་སྐྲུན་མཉམ་སྤྱོད་དང་མཉམ་དུ་འཕེལ་རྒྱས་བཅས་ཀྱི་ལམ་སྲོལ་འཚོལ་ཞིབ་བྱས་ཏེ།ས་གནས་དང་ཁེ་ལས་ཀྱི་མཉམ་ལས་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ནས།ཁེ་ལས་འཕེལ་རྒྱས་ལ་བརྟེན་ནས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཡག་པོ་བྱེད་པ་དང་ས་གནས་དེ་གའི་མང་ཚོགས་ལ་ཞབས་འདེགས་ཞུ་དགོས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ།གཙང་གསུམ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་དབྱིབས་གསར་པ་འཚོལ་ཞིབ་བྱེད་པ་དང་།ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་དང་། སྐྱེ་ཁམས་བཅོས་སྐྱོང་མཐོར་གཏོང་།ས་ཁོངས་དཔལ་འབྱོར་འཕེལ་རྒྱས་བཅས་ལ་སྤྱི་འདོམས་བྱས་ཏེ།ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ལེགས་གཏོང་།སྐྱེ་ཁམས་མཐོར་གཏོང་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་བྱེད་དགོས།ཏྰ་ཐང་ཚོགས་པས་ཀྲུང་དབྱང་ཁེ་ལས་ཀྱི་ཆབ་སྲིད་འགན་འཁྲི་དང་སྤྱི་ཚོགས་འགན་འཁྲི་ཧུར་ཐག་ཁུར་ནས་མ་དངུལ་དང་།ཤེས་ལྡན་མི་སྣ།ལག་རྩལ་སོགས་ཀྱི་ཐད་རྒྱབ་སྐྱོར་དེ་བས་མང་བ་བྱ་རྒྱུའི་རེ་བ་ཡོད།ཆབ་མདོ་ཡིས་ཞབས་ཞུ་འགན་སྲུང་ཡག་པོ་བྱས་ཏེ་ཁེ་ལས་ཀྱི་མ་འཇོག་ལས་དར་ལ་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་དང་ཆ་རྐྱེན་བཟང་པོ་གཏོད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

ལུའེ་ཅུན་གྱིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་རྒབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ཆབ་མདོའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཚུལ་ངོ་སྤྲོད་གནང་བ་རེད། ཁོང་གིས།ཏྰ་ཐང་ཚོགས་པས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་རྨང་གཞི་བཟང་པོར་གཞི་ཚུགས་ནས།ཆབ་མདོའི་དགོས་མཁོ་དང་ཁེ་ལས་ཀྱི་ནུས་པར་དམིགས་ཏེ།མ་འཇོག་བཀོད་སྒྲིག་སྔར་བས་ལེགས་སུ་གཏོང་བ་དང་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ།ལས་གྲྭའི་སྤུས་ཚད་ནན་དུ་གཏོང་བ།སྐྱེ་ཁམས་ཁོར་ཡུག་གི་མཐའ་ཚད་བརྟན་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།