འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དགུ་གཉིས་དུས་ཆེན་འཆར་ཉེར་ཡོད་པའི་མཚམས་འདིར། ཀྲང་ལི་ཡིས་ཆབ་མདོར་བཞུགས་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་རྒན་གྲས་ཀྱི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་ནས། གྲོང་ཨུད་དང་མི་དམངས་འཐུས་ཚོགས། སྲིད་གཞུང་དང་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ཏེ། ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་རྣམས་ལ་དུས་ཡུན་རིང་པོར་ཆབ་མདོའི་གསར་བརྗེ་དང་འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་བྱ་གཞག་ཐད་ལེགས་སྐྱེས་ཆེན་པོ་ཕུལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད་ད་དུང་ཁོང་རྣམ་པར་དུས་ཆེན་གྱི་འཚམས་འདྲི་ཡང་ཞུས་བ་རེད།
ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་འགྲོ་ཚུལ་ཁྱབ་བསྒྲགས་བཏང་བ་དང་། བུ་ཐུབ་བསྟན་དང་རིན་ཆེན་གཡང་འཛོམས། ཐུབ་དགའ། འཇམ་དབྱངས་ཚེ་འཕེལ། དཔལ་དབྱངས་སོགས་འགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པ་ཚོས་གཏམ་བཤད་གནང་སྟེ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་ཆབས་ཅིག་དངོས་ཡོད་ལ་བསྟུན་ནས་འབྲེལ་ཡོད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། ཀྲང་ལི་ཡིས་ནན་ཏན་གསན་རྗེས། ཡུལ་དངོས་སུ་གནད་དོན་ཐག་གཅོད་གནང་བ་རེད།
ཁོང་གིས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཐོག་མཐའ་བར་གསུམ་དུ་མངགས་བཅོལ་མ་བརྗེད་པར་དྲིན་ཤེས་མདུན་སྐྱོད་ཀྱིས་ལྗོངས་ཡོངས་དང་གོམ་པ་མཉམ་བགྲོད་སྒོ་ནས་འཕེལ་རྒྱས་ཡག་པོ་དང་འཕོ་འགྱུར་ཆེ་པོ་བྱུང་ནས། མི་རིགས་ཁག་གི་མང་ཚོགས་ལ་ཕན་བདེ་ཆེ་ཤོས་སུ་འབྱུང་བའི་ལོ་རྒྱུས་ཀྱི་དུས་སྐབས་སུ་ཕྱིན་ཡོད། གྲུབ་འབྲས་བཟང་པོ་འདི་འདྲ་ཐོབ་དོན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་ཕྱོགས་སྟངས་འཛིན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལམ་སྟོན་ཡང་དག་གནང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྟོབས་ལྡན་འགོ་ཁྲིད་དང་ཆབ་མདོར་རོགས་སྐྱོར་ཞིང་ཆེན་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་སོགས་ཀྱི་སེར་སྣ་མེད་པའི་རོགས་སྐྱོར་འོག རིམ་བྱུང་གྲོང་ཨུད་འགོ་ཁྲིད་ཚན་པས་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འཐབ་ལྷོད་མེད་གནང་བའི་འབྲས་བུ་ཞིག་རེད། དེ་ལ་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོའི་དཀའ་སྡུག་གི་རྔུལ་ཆུ་འདུས་ཡོད་ཞེས་གསུངས་པ་རེད།
ཀྲང་ལི་ཡིས་ནན་བཤད་གནང་དོན། གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཐོག་ཚན་རིག་དང་མཐུན་པའི་མ་འོངས་ལོ་ལྔའི་འབབ་འཐབ་དམིགས་ཚད་བཏོན་ཡོད་པ་འདིས་ཆབ་མདོའི་བྱ་གཞག་ཁག་གི་འཕེལ་རྒྱས་ལོ་རྒྱུས་ཀྱི་འགོ་གསར་པ་ཚུགས་པ་མཚོན་པས། འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོས་ཆབ་སྲིད་ཀྱི་དགེ་མཚན་དང་ཉམས་མྱོང་གི་དགེ་མཚན་སྔར་བཞིན་འདོན་སྤེལ་གནང་ནས། ཆབ་སྲིད་ལ་བློ་དཀར་བའི་མིག་ལྟོས་དང་མི་རིགས་མཐུན་སྒྲིལ་ལ་སེམས་པའི་འབྲེལ་ཟམ། བསྒྱུར་བཅོས་གོང་འཕེལ་ལ་མོས་པའི་ཤེས་རབ། ཕུལ་བྱུང་རིག་གནས་ལ་ཞེན་པའི་རྒྱུན་འཛིན་པ། ཏང་སྡོམ་ཏང་སྐྱོང་ལ་ནན་པའི་ལྟ་སྐུལ་བ་བཅས་ལེགས་པར་གནང་ནས། སེམས་ཤུགས་གང་ཡོད་དང་ནུས་པས་གང་ལྕོགས། གང་ཐུབ་ཅི་ཐུབ་བཅས་བྱས་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ལེགས་གོང་འཕེལ་འགྲོ་བར་ལེགས་སྐྱེས་སྔར་བས་ཆེ་བ་ཞིག་འབུལ་དགོས།
ཀྲང་ལི་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་རབས་གསར་པའི་ལས་བྱེད་རྒན་གྲས་ཀྱི་ལས་དོན་གལ་ཆེ་སར་འཇོག་དགོས་པ་དང་། ཆབ་སྲིད་ཁྲིད་ཕྱོགས་ཤུགས་ཆེར་བསྐྱེད་ནས་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་དང་ཞབས་ཞུ་འགན་སྲུང་ལེགས་པར་བསྒྲུབས་ཏེ། ཆབ་སྲིད་ཐད་ནས་བརྩི་བཀུར་དང་བསམ་བློའི་ཐད་ནས་ཐུགས་ཁུར། འཚོ་བའི་ཐད་ནས་ལྟ་རྟོག་བཅས་གནང་ནས། ལས་བྱེད་རྒན་གྲས་ཐམས་ཅད་རྒས་དུས་བརྟེན་ས་ཡོད་པ་དང་། རྒས་དུས་འཚོ་རྟེན་ཡོད་པ། རྒས་དུས་སེམས་པ་སྐྱིད་པ་བཅས་མངོན་འགྱུར་ཐོག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པར་“དབུ་དཀར་གྱི་སྟོབས་ཤུགས་”ལེགས་སྐྱེས་སུ་འབུལ་དགོས་ཞེས་བླང་བྱ་བཏོན་ཡོད།
ཆིས་དབྱིན་ཧའེ་དང་ཅཱ་ཤིན་ཡུས། ཝེ་ཝན་ནན། ཝུའུ་ཅན། ཅིན་རིན་ཧུའེ་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

