འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་ཁྲུང་ཆིང་དང་ཆབ་མདོའི་ལས་བཟོ་པའི་རིག་གནས་ཕོ་བྲང་འཛུགས་སྐྲུན་ལས་དོན་དང་མངོན་མིན་རིག་གནས་ཤུལ་བཞག་ཁེ་ལས་བཅའ་སྡོད་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཡེ་ཤེས་ཆོས་འཕེལ་བརྟག་ཞིབ་ལ་ཞུགས་པ། ཁྲུང་ཆིང་དང་ཆབ་མདོའི་ལས་བཟོ་པའི་རིག་གནས་ཕོ་བྲང་གི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ་5042.64ཟིན་པ་དང་ཁྲུང་ཆིང་གི་བོད་སྐྱོར་འཛུགས་སྐྲུན་རྣམ་གྲངས་ལ་རྒྱབ་སྐྱོར་བྱ་ཆེད།རྣམ་གྲངས་དེའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དང་།རིག་གནས་གསར་གཏོད་སྐྱེད་སྲིང་།ཐོན་རྫས་འགྲེམས་ཚོང་བཅས་གཞི་གཅིག་ཏུ་འདུས་ཤིང་།མིག་སྔར་མངོན་མིན་རིག་གནས་ཤུལ་བཞག་ཁེ་ལས་11བཅའ་སྡོད་བྱས་ཡོད་པ། དེའི་ནང་ཐང་ག་འབྲི་བ་དང་ཤིང་བརྐོས་མ། གསེར་དངུལ་ཡོ་བྱད་རྡུང་བ་སོགས་ཁྱད་ལྡན་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་མང་པོ་ཚུད་ཡོད་པ་དང་། དེ་ནི་ང་ཚོའི་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གཅིག་སྡུད་གསོ་སྐྱོང་བྱ་ཡུལ་གསར་པ་ཆགས་ཡོད། བརྟག་ཞིབ་ཁྲོད་ལའོ་ཆིན་འུའུ་ཁེ་ལས་ཡུལ་དངོས་སུ་ཕེབས་ནས་ཁེ་ལས་གནས་སྤོ་བཅའ་སྡོད་དང་ས་ཆ་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་།ཁྲུང་ཆིང་དང་ཆབ་མདོའི་བཟོ་པའི་རིག་གནས་ཕོ་བྲང་ལས་དོན་སྐུལ་འདེད་བཏང་ཚུལ་དང་མངོན་མིན་རིག་གནས་ཤུལ་བཞག་ཁེ་ལས་བཅའ་སྡོད་བྱས་ཚུལ་ཤེས་རྟོགས་གནང་བ་རེད། ལའོ་ཆིན་འུའུ་ཡིས་ཁྲུང་ཆིང་དང་ཆབ་མདོའི་བཟོ་པའི་རིག་གནས་ཕོ་བྲང་གི་རིག་གནས་གསར་གཏོད་ལས་སྟེགས་སྤྱོད་འགོ་ཚུགས་པ་དེའི་ཐོག་ནས་ཆབ་མདོའི་མངོན་མིན་རིག་གནས་ཤུལ་བཞག་ལག་ཤེས་བཟོ་ལས་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་།ཐོན་ལས་འཕེལ་རྒྱས་ཐར་ཐོར་ཁེར་རྐྱང་ལས་གྲྭ་ནས་ཚོགས་སྤྱིའི་ཅན་དང་སྤུས་རྟགས་ཅན། ཁྲོམ་ར་ཅན་བཅས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད་པས་གྲོང་ཁྱེར་དེ་ཡོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་སྟོབས་ཆེར་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད་ཅེས་བསྟན་པ་རེད།

