འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་ཧྭ་ནུས་ཟླ་ཆུའི་སྟོད་རྒྱུད་ཆུ་གློག་ཚད་ཡོད་ཀུང་སིའི་ལག་བསྟར་ཏུང་ཧྲི། ཏང་ཨུད་ཧྲུའུ་ཅི་སུན་ཝུའེ་དང་བཞུགས་མོལ་གནང་བ་རེད།
ཀྲང་ལི་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས། སུན་ཝུའེ་དང་བཅས་པར་ཕེབས་བསུ་ཞུས་ཤིང་། ཧྭ་ནུས་ཟླ་ཆུའི་སྟོད་རྒྱུད་ཆུ་གློག་ཚད་ཡོད་ཀུང་སི་ཡིས་དུས་ཡུན་རིང་པོར་ཐུགས་ཁུར་རྒྱབ་སྐྱོར་གནང་བར་ཐུགས་རྗེས་ཆེ་ཞུ་པ་རེད།
ཀྲང་ལི་ཡིས་ནན་བཤད་གནང་དོན། མཉམ་སྐྲུན་མཉམ་སྤྱོད་མཉམ་དར་གྱི་ལམ་སྲོལ་བཙུགས་ནས། ས་གནས་དང་ཁེ་ལས་ཀྱི་མཉམ་ལས་ལ་སྔར་བཞིན་ཤུགས་རྒྱག་པ་དང་། ནུས་ཁུངས་གཙང་མའི་རྟེན་གཞི་འཛུགས་སྐྲུན་དང་སྐྱེ་ཁམས་བཅོས་སྐྱོང་ལེགས་གཏོང་། ཁུལ་ཁོངས་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་བཅས་ལ་གཅིག་གྱུར་བཀོད་སྒྲིག་བྱ་དགོས་པ་དང་། ཚད་གཞི་མཐོ་ལ་སྤུས་དག་གི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཆུ་རྒྱུད་སྟོད་སྨད་ཀྱི་ཐོན་ལས་འཁོར་འབྲེལ་རིང་དུ་བསྲིངས་ནས། ལས་གནས་གང་མང་ཞིག་རང་སར་སྤེལ་ནས་མང་ཚོགས་ལ་ཕན་འདོགས་དགོས།
སུན་ཝུའེ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཧྭ་ནུས་ཟླ་ཆུའི་སྟོད་རྒྱུད་ཆུ་གློག་ཚད་ཡོད་ཀུང་སི་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁེ་ལས་ཀྱི་འཕེལ་རྒྱས་དང་ཚོང་གཉེར་གྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་རེད། ཁོང་གིས་གསུངས་དོན། ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་འགངས་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ཧུར་ཐག་བྱ་རྒྱུ་དང་། ཀྲུང་གོའི་ཧྭ་ནུས་ཚོགས་པ་དང་ཆབ་མདོ་གྲོང་ཁྱེར་གྱི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ཆབ་མདོ་ནི“ལས་གཏོད་ཐེངས་གཉིས”བྱེད་སའི་འཐབ་ཇུས་ཀྱི་གནད་ཆེན་དང་འཕེལ་རྒྱས་ཀྱི་འགག་གནད་དུ་བརྩིས་ནས།“གཞི་གཅིག་ཅན་དང་གཞི་ཁྱོན་ཅན། རིག་ནུས་ཅན”བཅས་ཀྱི་དགོངས་ཕྱོགས་ལྟར། ཟླ་ཆུའི་སྟོད་རྒྱུད་ཀྱི་རྟེན་གཞི་གསར་སྤེལ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དོན་དུ་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན།
ལའོ་ཆིན་འུའུ་དང་ཁྲེང་ཀང་། ཅཱ་ཤིན་ཡུས། ཀའོ་ཞའོ་ཏུང་བཅས་དང་། ཧྭ་ནུས་ཟླ་ཆུའི་སྟོད་རྒྱུད་ཆུ་གློག་ཚད་ཡོད་ཀུང་སིའི་འགོ་ཁྲིད་དབྱིན་ཧྲུའུ་ཧུང་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།

