རྩོམ་ཡིག་ནང་འཕེལ་རྒྱས་ཀྱི་གནས་ཚད་གཏན་འཁེལ་གྱིས་མདུན་སྐྱོད་ཁ་ཕྱོགས་དང་མ་ལག་བཀོད་སྒྲིག་གི་མདུན་སྐྱོད་ཀྱི་རླབས་ཆེན་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད། ཆབ་མདོ་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཐོག་གི་གྲོང་ཨུད་ཀྱི་ལས་དོན་སྙན་སྒྲོན་ནང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་བོད་ལྗོངས་གསར་པའི་དུས་རབས་ཀྱི་རྒྱང་སྐྱོད་ལམ་བུར་དམ་པོར་དམིགས་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་ཅིང་། “དོན་ཆེན་བཞི་”ལ་དམིགས་པ་དང་ “འཛུགས་གཏོད་བཞི་”ལ་ཤུགས་སྣོན་རྒྱག་པ། “གཏོད་དགོས་པ་གསུམ”གྱི་སྤྱིའི་ངེས་གནས་བརྟན་དུ་གཏོང་བ། “མདུན་གྲལ་དུ་སྐྱོད་པ་བཞི”ཡི་ལག་ལེན་གྱི་བླང་བྱ་དོན་འཁྱོལ་བྱེད་པ།“ལྔ་གཏོད་ཆབ་མདོ”བསྐྲུན་པའི་འཐབ་ཇུས་བཟོས་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་ཆེད་ལག་ལེན་གྱི་གནས་ཚད་གསར་པ་ཞིག་གཏོད་དགོས་ཞེས་བསྟན་ཡོད།
རྩོམ་ཡིག་ནང་བོད་ཀྱི་ཤར་སྒོ་ཆེན་པོ་དང་བོད་ལྗོངས་ལ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ་ཡིན་པའི་ཆབ་མདོར་ཁམས་པའི་རིག་གནས་ཀྱི་ས་རྒྱུ་གཤིན་པོ་ཡོད་ལ། གཙང་གསུམ་གྱི་སྐྱེ་ཁམས་སྲུང་ཡོལ་དང་། བོད་ཤར་ལྷོའི་ནུས་རྒྱུ་གཙང་མའི་རྟེན་གཞི་སོགས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་འཛོམས་ཡོད། དེ་དང་དུས་མཚུངས་བརྟན་ལྷིང་སྲུང་སྐྱོང་དང་། སྐྱེ་ཁམས་སྲུང་སྐྱོང་། མཐའ་བརྟན་མཐའ་དར། དམངས་འཚོ་ལེགས་གཏོང་བཅས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་ཁུར་ཡོད། རྨང་གཞི་བརྟན་གཏོང་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་སུ་དེ་བས་བསམ་བློ་གཅིག་གྱུར་དང་། ལས་འགན་གསལ་བཟོ།
དོན་འཁྱོལ་དམ་འཛིན་ནན་པོ་བཅས་བྱས་ཏེ་གནས་ཚད་གསར་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་ཞེས་བསྟན་ཡོད།
རྩོམ་ཡིག་ནང་“ལྔ་གཏོད་ཆབ་མདོ་”བསྐྲུན་པའི་ནང་དོན་གཅིག་གྱུར་དམ་ཟབ་བྱུང་ཡོད།བློ་དཀར་ནི་སྤྱི་འདོམས་དང་།བདེ་འཇགས་ནི་སྔོན་འགྲོའི་ཆ་རྐྱེན།གསོན་ཤུགས་ནི་རྨང་གཞི རིག་གནས་ནི་བླ་སྲོག མཛེས་སྡུག་ནི་རྨང་གཞི་ཡིན་ལ།ཕན་ཚུན་འདེགས་སྐྱོར་དང་གཅིག་ལ་གཅིག་འབྲེལ་བཅས་རེད།སྲོག་ཤིང་ནི་འཕེལ་རྒྱས་དང་བདེ་འཇགས།མིག་སྔར་དང་ཡུན་རིང་།གསར་སྤེལ་དང་སྲུང་སྐྱོང་བཅས་གཅིག་གྱུར་འཆར་འགོད་བྱེད་པ་ཡིན།བརྒྱུད་རིམ་ལྡན་པའི་ལས་གྲྭ་འདིར་སྐུལ་འདེད་གཏོང་བར་གཡས་འཛིན་གཡོན་ཤོར་གཏན་ནས་བྱེད་མི་རུང་བར་ངེས་པར་དུ་བཀག་རྒྱ་གཏོར་བ་དང་། གཞི་གཅིག་ཏུ་ཇུས་འགོད།གཞི་གཅིག་ཏུ་སྐུལ་འདེད་བཅས་བྱས་ཏེ་བཅོས་སྐྱོང་གི་ཕྱོགས་བསྡུས་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས་ཞེས་དང་། གནས་ཚད་གསར་པ་ལག་བསྟར་བྱས་ནས་ཕན་འབྲས་ཐོན་པར་བྱ་དགོས་པ་སྟེ། ཆབ་མདོར་བློ་དཀར་བྱེད་པར་“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་ནས་“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བྱ་གཞག་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་དགོས། བདེ་འཇགས་ཆབ་མདོ་གཏོད་པར་ཉེན་བརྡ་རྒྱུན་སྒྲོག་བྱ་རྒྱུ་མཐའ་འཁྱོངས་བྱེད་ཅིང་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་གཏོང་ནས་མི་རིགས་ཁག་འགྲོ་འོང་རྒྱ་ཁྱབ་བྱེད་པ་དང་།ཁྱོན་ཡོངས་ནས་སྤེལ་རེས།མཉམ་འདྲེས་གཏིང་ཟབ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།གསོན་ཤུགས་ཀྱི་ཆབ་མདོ་གཏོད་པར་“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་དོན་འཁྱོལ་བྱས་ཏེ།ནུས་རྒྱུ་གཙང་མ་དང་ས་མཐོའི་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་རྣམ་པར་འགྱུར་བ་བྱེད་དགོས། རིག་གནས་ཆབ་མདོ་གཏོད་པར་རིག་གནས་ལ་བརྟེན་ནས་མི་སེམས་འགུགས་པ་དང་།རིག་གནས་ལ་བརྟེན་ནས་དམངས་ལ་ཕན་འདོགས་པ།རིག་གནས་ལ་བརྟེན་ནས་བྱ་གཞག་དར་རྒྱས་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས། མཛེས་སྡུག་གི་ཆབ་མདོ་བཏོད་པར་རི་ཆུ་ནགས་ཞིང་མཚོ་བྱེ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་སྤྱི་འདོམས་བྱས་ནས་གངས་ལྗོངས་ས་མཐོའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བསྟན་འདུག
རྩོམ་ཡིག་ནང་མཇུག་མཐར་བསྟན་དོན།“ལྔ་གཏོད་ཆབ་མདོ་”བསྐྲུན་པ་ནི་“དོན་ཆེན་བཞི་”ཆབ་མདོར་དོན་འཁྱོལ་ཐུབ་པ་བྱས་ནས་སླད་ཕྱིན་ལོ་ལྔའི་རིང་གི་གྲོང་ཁྱེར་ཡོངས་ཀྱི་ལས་ཀའི་ལག་ལེན་གྱི་ཐབས་ལམ་ཞིག་རེད།གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱེད་ནས་གཟེར་འདེབས་ཀྱི་སྙིང་སྟོབས་བསྐྱེད་དེ་དོན་འཁྱོལ་ལ་དམ་འཛིན་བྱས་ན།འཆར་གཞི་དེ་དོན་དངོས་སུ་འགྱུར་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་རྩོམ་ཐུབ་ངེས་རེད།

