国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月20日

ཀྲང་ལི་ཡིས་རྫོང་ལོ་བྱམས་པ་མཁས་གྲུབ་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

ཀྲང་ལི་ཡིས་རྫོང་ལོ་བྱམས་པ་མཁས་གྲུབ་དང་བྱམས་བརྩེའི་གླེང་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།དགུ་བའི་ཚེས་དགུའི་དུས་ཆེན་འཆར་ཉེའི་མཚམས་སུ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆབ་དགོན་བྱམས་པ་གླིང་དམངས་གཙོ་དོ་དམ་ཁང་གི་ཀྲུའུ་རེན་རྫོང་ལོ་བྱམས་པ་མཁས་གྲུབ་ལ་གཟིགས་པ་དང་འཚམས་འདྲི་གནང་ཞིང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཁོང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད།

འཚམས་འདྲི་གནང་རིང་། ཀྲང་ལི་ཡིས་རྫོང་ལོ་བྱམས་པ་མཁས་གྲུབ་དང་བྱམས་བརྩེའི་གླེང་མོལ་གནང་ནས་ཁོང་གི་བདེ་ཐང་དང་འཚོ་བའི་སྐོར་བཀའ་འདྲི་གནང་བ་མ་ཟད། ཁོང་གིས་དུས་ཡུན་རིང་པོའི་ནང་རང་འགན་གཙང་སྒྲུབ་དང་བདེན་པའི་ལམ་ལ་གནས་པ། ཆོས་ལུགས་རིས་མེད་སྐྱོང་བ། སྤྱི་ཚོགས་ཞོད་འཇགས་སྲུང་བ་སོགས་ལེགས་སྐྱེས་གང་ལེགས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་ལ་སྐུ་གཟུགས་བདག་གཅེས་དང་ལུས་བདེ་སེམས་སྐྱིད་ཡོང་བའི་ཁ་ཏ་ཡང་གནང་བ་རེད།

ཀྲང་ལི་ཡིས་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པས་མ་འོངས་ལོ་ལྔའི་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ཏེ། གྲོང་ཁྱེར་ཡོངས་ལ“དོན་ཆེན་བཞིར”དམིགས་པ་དང“གཏོད་དགོས་པ་གསུམ”གྱི་སྤྱིའི་ངེས་གནས་གཏན་འཁེལ་བྱེད་པ་དང་།“མདུན་གྲལ་དུ་བསླེབས་པ་བཞིར”སྐུལ་འདེད་དང“ལྔ་གཏོད་ཆབ་མདོ”མངོན་འགྱུར་བྱ་རྒྱུའི་སྐུལ་སློང་གི་བཀའ་རྒྱ་བཏང་བ་རེད། སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དྲིན་ཤེས་འབད་འབུངས་དང་དངོས་འཛིན་དངོས་སྒྲུབ་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལེ་ཚན་གསར་པ་ཧུར་ཐག་རྩོམ་རྒྱུ་རེད། རྫོང་ལོ་བྱམས་པ་མཁས་གྲུབ་ནས་སྔར་རྒྱུན་བཞིན་ཆབ་མདོའི་འཕེལ་རྒྱས་ལ་ཐུགས་ཁུར་དང་དོ་སྣང་གནང་སྟེ་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན།སྒྲིག་བཀུར་ཁྲིམས་སྲུང་།

ཚོགས་བསགས་དགེ་སྒྲུབ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུད་འཛིན་དང་དར་སྤེལ་གཏོང་བ་དང་།རང་རྟོགས་ཀྱིས“ཚད་གཞི་བཞིར”བརྩི་སྲུང་ཞུ་བ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་ལམ་སྟོན་སྣེ་ཁྲིད་བྱེད་པ།རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་རྣམས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཡོང་བར་ཁྲིད་སྟོན་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་།ཏང་གི་དྲིན་ཤེས་པ། ཏང་གི་རྗེས་སུ་འབྲངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པའི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུའི་ཐུགས་རེ་བཅངས་ཡོད།

རྫོང་ལོ་བྱམས་པ་མཁས་གྲུབ་ཀྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཐུགས་ཁུར་དང་གཟིགས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ནམ་ཡང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་སྒྲེང་བ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་གཡོ་བ་མེད་པ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དང་། རང་འགན་གཙང་སྒྲུབ་ཀྱིས་དགོན་སྡེ་དོ་དམ་དང་ཆོས་བརྒྱུད་ལེགས་སྐྱོང་གི་ལས་དོན་ཏན་ཏིག་བསྒྲུབས་ནས། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀུན་གྱིས་ནམ་ཡང་ཏང་དང་ཐུགས་ཡིད་གཅིག་འདྲེས་ཡོང་བར་ཁྲིད་སྟོན་བྱས་ཏེ། ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ་དོན་དུ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས།