国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月16日

སྨར་ཁམས་རྫོང་འཇང་མི་རིགས་ཤང་གིས།

རྒུན་འབྲུམ་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་བཏོད་པ།

ལོ་འདི་དག་རིང་། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་གིས་རྒུན་འབྲུམ་ཁྱད་ལྡན་ཐོན་ལས་ལ་བརྩིས་ནས་དམ་འཛིན་བྱས་པ་རེད། སྔོན་ཆད་ཞིང་དུད་ལ་འདེབས་འཛུགས་ཐར་ཐོར་དང་། ས་ཆ་ཁ་ཐོར། ཐོན་འབབ་ཉུང་བ། ཤིང་འབྲས་འཚོང་དཀའ་བ་བཅས་ཀྱི་དཀའ་གནད་འཕྲད་ཡོད། ཤང་གིས་ལུང་གཞུང་གི་གནམ་གཤིས་དང་ས་ཆུའི་ཆ་རྐྱེན་ལ་གཞིགས་ནས་ཐོན་འབབ་ཉུང་བའི་རི་ལྡེབས་རྒུན་འབྲུམ་ལྡུམ་རར་སྒྱུར་བཀོད་བྱས་ཏེ་གཞི་ཁྱོན་ཅན་གྱི་འདེབས་འཛུགས་ལ་སྐུལ་འདེད་བཏང་ཡོད།

འདེབས་འཛུགས་ཐར་ཐོར་དང་།ཚོང་ལམ་རྐྱང་པ། གོང་ཚད་སྒྲིག་ནུས་ཞན་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད།ས་གནས་དེས“ཁེ་ལས་དང་།མཐུན་ཚོགས།རྟེན་གཞི།ཞིང་དུད”བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་ཁྱབ་གདལ་བཏང་ནས་འདེབས་འཛུགས་དང་།ཉོ་སྒྲུབ།ལས་སྣོན།ཕྱིར་ཚོང་བཅས་གཞི་གཅིག་ཏུ་སྦྲེལ་བས། ཞིང་དུད་ལ་བྲིན་ཚོང་མི་ཐུབ་པའི་སེམས་ཁྲལ་མེད་པའི་ཁར་རིན་གོང་ལ་ཡང་འགན་ལེན་བྱུང་ཡོད།

བདག་དམར་གཡང་ཁེ་ལས་ཀྱི་འགན་འཁུར་བ་ཆོས་མཚོས“ལོ་གཉིས་རིང་ང་ཚོས་རྒུན་འབྲུམ་འདེབས་འཛུགས་དུད་ཚང་གི་མཉམ་ལས་བྱེད་སྟངས་རྒྱུན་ཆད་མེད་པར་ལེགས་སྒྲིག་བྱས་ཏེ། མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་མ་ཟད། ད་དུང་ཐོན་རྫས་ཀྱི་སྤུས་ཚད་ཀྱང་རྒྱུན་མཐུད་ལེགས་སུ་བཏང་ཡོད། ང་ཚོས་དེ་སྔའི་ཞིང་དུད་ཀྱི་རྒུན་འབྲུམ་ཉོ་སྒྲུབ་བྱེད་པ་ནས་ས་ཞིང་བརྒྱུད་བཤུག་གཏོང་བ་དང་ཕྱེད་ཁ་བརྒྱུད་བཤུག་གཏོང་བའི་མཉམ་ལས་བྱེད་སྟངས་སུ་བསྒྱུར་ཡོད། ད་ཆ་མང་ཚོགས་ལ་ཡོང་འབབ་ཉིས་བརྩེགས་བྱུང་བའི་ཁར་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་རང་ས་རང་ཡུལ་ནས་འབབ་འཕར་ཐུབ་པ་བྱུང་ཡོད”ཅེས་བཤད།

འཇང་མི་རིགས་ཤང་དཔལ་འབྱོར་འཕེལ་རྒྱས་གཞུང་དོན་ཁང་གི་འགན་འཁུར་བ་རིན་ཆེན་གྱིས“མིག་སྔར་ཤང་གི་རྒུན་འབྲུམ་འདེབས་ཁྱོན་མུའུ་3200ལྷག་ཙམ་ཟིན་པ་དང་ལོའི་ཐོན་འབབ་ཏུན་2000ཡན་ཟིན་པ། ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.4ལས་བརྒལ་ཡོད། ཤང་དེ་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ཞིང་དུད་100ལྷག་ཙམ་ལ་འདེབས་འཛུགས་བརྟན་པོ་དང་ཐག་ཉེ་སར་གླ་པ་རྒྱུག་པར་སྐུལ་ཁྲིད་བྱས་པས་དུད་ཚང་རེར་ལོར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1ལྷག་ཙམ་བྱུང་ཡོད”ཅེས་ངོ་སྤྲོད་བྱས།

གོམ་སྟབས་རྗེས་མར། འཇང་མི་རིགས་ཤང་གིས་རྒུན་འབྲུམ་ལ་དམིགས་ནས་ལས་དོན་བསྒྲུབ་རྒྱུ་ཡིན་པ་སྟེ། འདེབས་འཛུགས་གཡོག་བྱེད་ཀྱི་ལག་རྩལ་དེ་བས་ཞིབ་ཚགས་སུ་གཏོང་བ་དང་།ཤིང་འབྲས་ཀྱི་སྤུས་ཚད་དེ་བས་ལེགས་སུ་གཏོང་བ།ཐོན་ལས་འཁོར་འབྲེལ་གྱི་ཞན་ཆ་སེལ་བ། ལེ་ལག་ཚང་བའི་སྒྲིག་བཀོད་ལེགས་སུ་གཏོང་བ་བཅས་བྱས་ནས་མང་ཚོགས་དེ་བས་མང་བ་སྒོ་རྩར་ལས་ཀ་བྱེད་རྒྱུ་ཡོད་པ་དང་ཡོང་འབབ་གསོག་ཐུབ་པར་བྱ་རྒྱུ་རེད།