རྨང་གཞིའི་ཞིབ་འཇུག་ནི་ཚན་རིག་མ་ལག་ཧྲིལ་པོའི་འབྱུང་རྩ་དང་། ལག་རྩལ་གྱི་གནད་དོན་ཐམས་ཅད་ཐག་གཅོད་བྱེད་པའི་སྤྱིའི་གནད་འགག་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་ནི། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འབད་མངོན་འགྱུར་ཡོང་བ་བྱེད་པའི་ཁ་ཚ་དགོས་གཏུག་གི་བླང་བྱ་ཡིན་ལ། འཛམ་གླིང་ཐོག་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཀྱང་ཡིན་ཞེས་བསྟན་གནང་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཚུགས་ལོར། རང་རྒྱལ་གྱིས་ཤུགས་ཚད་སྔར་བས་ཆེ་བ་དང་དེ་བས་དངོས་གཉེར་གྱི་བྱ་ཐབས་བཟུང་ནས་རྨང་གཞིའི་ཞིབ་འཇུག་ཐད་ཤུགས་སྣོན་བརྒྱབ་སྟེ། འབྱུང་རྩ་དང་གཞི་རིམ་ནས་འགག་གཏོར་བྱས་པའི་གྲུབ་འབྲས་ཁག་གཅིག་སྤུས་མཐོའི་གོང་འཕེལ་གྱི་སྒུལ་ནུས་གསར་པར་སྒྱུར་བཞིན་ཡོད།
ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་དུ། བསྐྲུན་ཚར་མ་ཐག་པའི་རྒྱུག་ཤུགས་ཆེ་བའི་གྱེས་རྡུལ་ལྗིད་མོའི་མྱུར་ཚད་མགྱོགས་སུ་གཏོང་བའི་ཚན་རིག་ཆེན་མོའི་སྒྲིག་ཆས་དེ་སྤྱད་ནས་ཟླ་བ་གཅིག་ལས་མ་འགོར་བར། ཚན་ཞིབ་ཚོགས་པས་ཉིང་རྒྱུ་གསར་པ་ཧཱ153དབྱེ་འབྱེད་ཐུབ་ནས། མིའི་རིགས་ཀྱིས་ཤེས་རྟོགས་ཐུབ་པའི་རྡུལ་ཕྲན་སྙིང་པོའི་ཁྱབ་རྒྱ་ཆེ་རུ་བཏང་ཡོད།
མིག་སྔར། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཐད་འགག་གཏོར་མགྱོགས་པོ་འགྲོ་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོའི་ཚན་རྩལ་གྱི་འགྲན་རྩོད་བྱེད་ས་དེ་རྨང་གཞིའི་མདུན་གྲལ་ཁྱབ་ཁོངས་སུ་སྔར་བས་གཅིག་སྡུད་བྱས་ཡོད། འགྲན་རྩོད་དང་གོ་སྐབས་གསར་པའི་མདུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་འཕེལ་འགྱུར་གསལ་རྟོགས་གནང་ནས། རྨང་གཞིའི་ཞིབ་འཇུག་ནི་ཞིབ་འཇུག་ནས་བཀོལ་སྤྱོད་བར་དང་། དེ་ནས་ཐོན་སྐྱེད་བྱེད་པའི་བར་གྱི་ཚན་ཞིབ་སྦྲེལ་ཐག་གི་འགོ་འཛུགས་སྣེར་གནས་ཡོད་པས། རྨང་གཞི་བརྟན་པོ་ཞིག་བཏིང་ཚེ། གཞི་ནས་ཚན་རྩལ་གྱི་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་གཏོང་ཐུབ་ཅེས་བསྟན་གནང་ཡོད། 2024ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་ཐོག ཁོང་གིས་རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་ཀྱི་ནུས་པ་ཤུགས་ཆེན་ལྡན་པ་བྱ་རྒྱུ་དེ་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་ངེས་པར་དུ་ཚང་དགོས་པའི་གཞི་རྩའི་རྒྱུ་རྐྱེན་ལྔའི་ནང་གི་ཐོག་མ་དེར་འཇོག་དགོས་ཞེས་བཏོན་གནང་ཡོད། 2026ལོར་ཁོང་ནས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པའི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་བཀོད་སྒྲིག་གནང་སྟེ། རྒྱལ་ཁབ་ཀྱི་ཁ་ཚ་དགོས་གཏུག་གི་དགོས་མཁོ་དང་རྒྱང་རིང་གི་དགོས་མཁོ་ནས་འགོ་བཙུགས་ཏེ། རྨང་གཞིའི་ཞིབ་འཇུག་གི་གཙོ་རྒོལ་ཁ་ཕྱོགས་དང་གཙོ་གནད་ཁྱབ་ཁོངས་སྔར་བས་ཁ་གསལ་བཟོ་དགོས་པ་དང་། ཐོག་མའི་གསར་གཏོད་དང་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་གཏོར་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་ཡོད།
རྨང་གཞིའི་ཞིབ་འཇུག་གི་འཐབ་ཇུས་རང་བཞིན་དང་སྔོན་མཐོང་རང་བཞིན། མ་ལག་ཅན་གྱི་བཀོད་སྒྲིག་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད། རང་རྒྱལ་གྱིས་རྨང་གཞིའི་ཞིབ་འཇུག་གི་མ་ལག་ཅན་མཐུན་སྦྱོར་མི་འདང་བ་དང་སྤྱི་ཡོངས་ཀྱི་ལས་ཕྱོད་མཐོ་པོ་མེད་པ། ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣ་མི་འདང་བ་སོགས་ཀྱི་གནད་དོན་རྒྱུན་ཆད་མེད་པར་ཐག་གཅོད་བྱས་ནས། དུས་འཁོར་རིང་བའི་རྨང་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་པའི་འགན་ལེན་གྱི་ཞན་ཆ་གང་མགྱོགས་གསབ་བཞིན་ཡོད།
སྡེ་ཚན་མང་པོས་འཆར་འགོད་སྦྲེལ་མཐུད་དང་སྲིད་ཇུས་མཐུན་སྦྱོར། གདེང་འཇོག་མཉམ་འགུལ་བཅས་ལ་ཤུགས་སྣོན་བརྒྱབ་ནས། སློབ་གསོ་དང་ཚན་རྩལ་ཤེས་ལྡན་མི་སྣ་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་རྒྱུར་མཉམ་དུ་ཤུགས་རྒྱག་པ་དང་། ཚན་རྩལ་པུའུ་ཡིས་ལས་འགན་གཅིག་གྱུར་འཆར་འགོད་ཀྱི་འགན་ནུས་སྔར་བས་ཆེ་རུ་གཏོང་ཞིང་། ལས་འགན་གལ་ཆེན་གྱི་སྡེ་ཚན་དང་ས་གནས་ཀྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱིས་མཉམ་དུ་འགག་གཏོར་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་སྣེ་ཁྲིད་ཁེ་ལས་ཀྱིས་སྣེ་ཁྲིད་དེ་ཚན་རིག་གནད་དོན་མདོར་བསྡུས་པ་དང་གསར་གཏོད་བྱེད་པོའི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་རྨང་གཞིའི་ཞིབ་འཇུག་མཉམ་འབྲེལ་ཐེབས་རྩའི་ཆེད་དོན་རྣམ་གྲངས་གལ་ཆེན་ད་ལོའི་ཟླ་9པར་ལག་ལེན་བསྟར་འགོ་ཚུགས་ཤིང་། འབྲི་ཆུའི་ཟུར་གསུམ་ས་ཁོངས་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་ནས། ཉེར་སྤྱོད་ཁྲིད་སྟོན་གྱི་རྨང་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་དང་། ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གིས“གཅིག་གྱུར་ཐོག་མ་དངུལ་གཏོང་བ་དང་མཉམ་འབྲེལ་ཐོག་དྲི་བ་འདོན་པ། ཐུན་མོང་ཐོག་དོ་དམ་བྱེད་པ། དྲི་བ་གཅིག་མཚུངས་ལ་མཉམ་དུ་ལན་འདེབས་པ ”བཅས་ཀྱི་མཐུན་སྦྱོར་ལམ་སྲོལ་འཚོལ་ཞིབ་བྱ་རྒྱུ། ཀྲུང་གོ་ཚན་རིག་ཁང་གིས་རྫས་འགྱུར་མདའི་ཕྲ་མཐོང་ཚད་འཇལ་དང་མི་ཐབས་འདྲེས་སྦྱོར་ཕྲ་ཕུང་སོགས་མདུན་གྲལ་གྱི་གནད་དོན་ལ་དམིགས་ནས། བཟང་ཆའི་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་མ་ལག་ཅན་དང་སྒྲིག་གཞི་ཅན་གྱི་ཚན་རྩལ་འགག་གཏོར་བྱེད་བཞིན་ཡོད།
རྒྱལ་ཁབ་ཀྱི་འཐབ་ཇུས་སྣེ་ཁྲིད་འོག རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་ལས་དོན་གྱིས་ཚན་རིག་གི་མདུན་གྲལ་གྱི“སྣེ་བཞིར”གདོང་མཆོང་བྱེད་བཞིན་པ་མ་ཟད་རྒྱུན་ཆད་མེད་པར་འགག་གཏོར་ཐུབ་བཞིན་ཡོད།
ཆེས་ཆེ་མཐོང་ལ་རྒྱ་བསྐྱེད་པ་སྟེ། “ཀྲུང་གོའི་གནམ་མིག”ཚན་ཞིབ་ཚོགས་པས་ཉེ་ཆར་འཛམ་གླིང་ཐོག་གི་མ་ནིང་དབྱང་འགྱུར་རྫས་ཀྱི་མ་དཔེའི་མཛོད་ཆེ་ཤོས་བསྐྲུན་པ་དང་འབྲེལ། རྒྱལ་སྤྱིའི་ཐོག་ད་དུང་རིམ་འགྱུར་དུས་མཚམས་སུ་ཡོད་པའི་འཕར་སྐར་གྱི་གཟུགས་གསུམ་མ་ལག་ཐོག་མ་དེ་ཁྱབ་བསྒྲགས་བྱས་ནས། འཇིག་རྟེན་ཁམས་ཀྱི་གྲུབ་ཚུལ་དང་བརྟན་སྐར་རིམ་འགྱུར་སོགས་ལ་ཞིབ་འཇུག་བྱ་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། ཆེས་ཕྲ་མཐོང་ངོས་སུ་ཟབ་ཞུགས་བྱས་པ་སྟེ། ཚན་ཞིབ་ཁང་དང་མཐོ་སློབ་ལས་གྲུབ་པའི་འགག་གཏོར་ཚོགས་པས་ཉིན་ཤས་གོང་མཉམ་འབྲེལ་ཐོག་ཤུགས་ལས་གྲུབ་པའི་དངོས་པོའི་རྣམ་པ་གསར་རྐྱང་ཞིག་སྟེ་འབྱར་རྫས་རིལ་རྡུལ་གནས་པ་ར་སྤྲོད་བྱས་ནས། དུས་རབས་ཕྱེད་ཀ་ཙམ་གྱི་དངོས་ཁམས་ཀྱི་གསང་བ་བརྟོལ་ཡོད། ཆེས་མཐར་སོན་གྱི་ཆ་རྐྱེན་ཕྱོགས་སུ་ཤུགས་བརྒྱབ་པ་སྟེ། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་ཁབ་ལེན་མཉམ་འདར་གྱི་བརྙན་གྲུབ་ཤུགས་ཚད་མཐོ་ཤོས་ཀྱི་ཐེ་སི་ལ་35.6ཡི་འདྲེན་བརྒལ་འདྲེན་གཟུགས་ཡོངས་ཀྱི་ཁབ་ལེན་ར་བའི་སྤྱོད་མཁན་སྡུད་གཟུགས་ལེགས་གྲུབ་ལྡན་པའི་ངང་ཞིབ་བཟོ་བྱས་ཏེ། ཁབ་ལེན་མཉམ་འདར་བརྙན་གྲུབ་སོགས་རྩེར་སོན་གྱི་སྨན་བཅོས་སྒྲིག་ཆས་ཞིབ་བཟོ་བྱ་རྒྱུར་ལྟེ་བའི་ལག་རྩལ་གྱི་འདེགས་སྐྱོར་བྱས་ཡོད། ཆེས་ཕྱོགས་བསྡུས་ཀྱི་བསྣོལ་འདྲེས་ཕྱོགས་སུ་ཤུགས་བརྒྱབ་པ་སྟེ། རང་རྒྱལ་གྱི་ཚན་རིག་མཁས་པས་རྫས་འགྱུར་དང་སྐྱེ་དངོས་རིག་པ། རྒྱུ་ཆའི་ཚན་རིག་བཅས་ལས་རིགས་བརྒལ་ནས་མཉམ་འདྲེས་བྱས་པས། མི་ཐབས་ཕྲ་ཕུང་གི་རྣམ་པ་དང་བྱེད་ནུས་དོ་སྙོམས་མིན་པ་དང་ཁ་གྱེས་རྒྱུ་ཐོག་མར་མངོན་འགྱུར་བྱུང་སྟེ། སྐྱེ་དངོས་བཟོ་སྐྲུན་གྱི་མདུན་གྲལ་ཁྱབ་ཁོངས་ལ་ཁ་ཕྱོགས་གསར་པ་ཞིག་བཏོད་ཡོད།
རྨང་གཞིའི་ཞིབ་འཇུག་ལ་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་བྱུང་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་མཐོའི་གོང་འཕེལ་ལ་འདེགས་སྐྱོར་གལ་ཆེན་ཐུབ་ཡོད། འོད་གློག་རྫས་འགྱུར་དང་རྒྱུ་ཆའི་ཚན་རིག བཟོ་སྐྲུན་རིགས་གཞུང་སོགས་རྨང་གཞིའི་ཞིབ་འཇུག་ཐད་ཡུན་རིང་འགག་གཏོར་བྱས་པས། རང་རྒྱལ་གྱི་ཐོན་གསར་པའི་ཆ་འཕྲིན་ལག་རྩལ་དང་ནུས་རྒྱུ་གསར་པའི་རླངས་འཁོར། འོད་ཧྥུ། མྱུར་བགྲོད་ལྕགས་ལམ་སོགས་གསར་དར་ཐོན་ལས་ལ་རྒྱུན་ཆད་མེད་པར་ལག་རྩལ་ཐད་ཀྱི་ཡར་རྒྱས་ཡོང་རྒྱུར་འདེགས་སྐྱོར་ཐུབ་ཡོད། རང་རྒྱལ་གྱི་ཚན་རིག་མཁས་པས་ཞིང་ལས་སྐྱེ་དངོས་ཉིན་མོ“རྙིབ་འགྲོ་བ་དང་ཐོན་འབབ་ཆག་པའི”ཆ་རྡུལ་ལམ་སྲོལ་གསལ་སྟོན་བྱས་ནས། འབྲུ་རིགས་ཐོན་འཕར་ལ་ཐབས་ལམ་གསར་རྐྱང་ཞིག་བཏོད་ཡོད། ཆ་འཕྲིན་ཚད་བརྒལ་རྒྱུ་ཆར་དམིགས་པའི་སྒྲོམ་གཞི་གསར་པའི་སྐུད་མེད་འཕྲིན་གཏོང་མ་ལག་གིས་6Gལག་རྩལ་ལ་སྔོན་མཐོང་རང་བཞིན་གྱི་རྨང་གཞིའི་འདེགས་སྐྱོར་བྱས་ཡོད། འཁོར་ལམ་གཅིག་མཚུངས་རྣམ་པའི་འཁོར་རྒྱུག་རྩ་བའི་རིགས་པ་གསར་པའི་མ་ལག་གསར་གཏོད་དང་ཞིབ་འཇུག་གསར་སྤེལ་བྱས་པ་དང་། སྔོན་ཐོན་གྱི་གནོན་བཙིར་མཁའ་རླུང་གི་ནུས་གསོག་ལག་རྩལ་ལ་ཚད་བརྒལ་གསར་པ་བྱུང་ཞིང་། དེས་རང་རྒྱལ་གྱི་ནུས་རྒྱུའི་བདེ་འཇགས་དང“ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར་རིན་ཐང་གལ་ཆེན་ལྡན་ཡོད། ཉིང་ལྷེབ་དང་འཕྲིན་གཏོང་ནས་འབྲུ་རིགས་དང་ནུས་རྒྱུའི་བར་གྱི་འཐབ་ཇུས་འགག་གཏོར་རེ་རེའི་རྩ་བ་རྨང་གཞིའི་ཞིབ་འཇུག་དང་འབྲེལ་ཡོད། ཚོད་ལྟ་ཁང་ནང་གི“0ནས་1བར”གྱིས་ཐོན་སྐྱེད་ལས་གནས་ཐོག“1ནས་Nབར”འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
2035ལོར་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཚར་བ་བྱེད་པའི་འཐབ་ཇུས་དམིགས་ཚད་གཏན་འཁེལ་བྱས་ནས། རྨང་གཞིའི་ཞིབ་འཇུག་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཐོག་མའི་གསར་གཏོད་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས། རྒྱ་ཆེའི་ཚན་རྩལ་ལས་དོན་པས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཤིང་། འགན་འཁྲི་འཁུར་ཕོད་པ་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འབད་དང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་བསྐྲུན་ཚར་བ་བྱ་རྒྱུའི་རྒྱང་ལམ་གསར་པའི་ཐོག་འབད་འཐབ་མདུན་སྐྱོད་བྱེད་བཞིན་ཡོད།
ཡོང་ཁུངས། ཀྲུང་དབྱང་བོད་སྐད་རླུང་འཕྲིན།

