国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月13日

སྨར་ཁམས་རྫོང་གིས།

རྒུན་འབྲུམ་གྱི་མཐུན་རྐྱེན་སྦྱར་ནས་གྲོང་གསེབ་དར་རྒྱས་ཀྱི་ལམ་ལ་བསྙེགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྨར་ཁམས་རྫོང་འཇང་མི་རིགས་ཤང་གི་ཟླ་ཆུའི་འགྲམ་ངོགས་སུ་སྔོ་ཐིང་ཐིང་གི་རྒུན་ར་ནས་ལོ་ལེགས་ཀྱི་བསྐལ་བཟང་ཤར་ཡོད། སྡོང་པོའི་ཡལ་གར་རྒུན་འབྲུམ་ཆུ་རིལ་རིལ་བཏགས་ཤིང་དྲི་ཞིམ་གང་སར་འཐུལ་བ་དང་། མི་རྣམས་འཚང་ཁ་ཤིག་ཤིག་གིས་རྒུན་འབྲུམ་བཏོག་པའི་ལས་ལ་བྲེལ་བཞིན་འདུག

རྒུན་འབྲུམ་ནི་དེང་སྐབས་སྨར་ཁམས་རྫོང་གི་ལྷོ་ཕྱོགས་ཤང་གསུམ་གྱི་ཁྱད་ལྡན་དམངས་ཕྱུག་གི་གཙོ་རྟེན་ཐོན་ལས་ཤིག་ཏུ་གྱུར་ཡོད།

ཉེ་བའི་ལོ་ཤས་རིང་། ས་གནས་ཀྱིས་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། ཡུལ་བབ་དང་བསྟུན་ཏེ་རྒུན་འབྲུམ་གྱི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་ལེགས་པར་བྱས་ཤིང་། སྔར་རྒྱུན་ལྟར་རྒུན་འབྲུམ་ཐར་ཐོར་འདེབས་པའི་ཡུལ་སྲོལ་བསྐྱུར་ཏེ། དེ་སྔོན་ཐོན་འབབ་ཉུང་བའི་ཆུ་འགྲམ་གྱི་ས་ཁུལ་རྣམས་ལེགས་བཅོས་ཀྱིས་ཐོན་འབབ་བཟང་སྐྱེད་ཀྱི་ཞིང་ས་གཤིན་པོ་ཞིག་ཏུ་བསྒྱུར་ཡོད། རྒུན་འབྲུམ་ཐར་ཐོར་འདེབས་པ་དང་ཕྱི་ལ་འདྲེན་པའི་ཚོང་ལམ་ཉུང་བ། གོང་ཚད་གཏན་ལ་ཕབ་པའི་ནུས་པ་ཞན་པ་སོགས་ཀྱི་དཀའ་ཁག་སེལ་ཆེད། ས་གནས་ཀྱིས“ཁེ་ལས་དང་མཐུན་ཚོགས། རྟེན་གཞི་དང་ཞིང་དུད་སོགས་ཟུང་འབྲེལ”བྱེད་པའི་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་དུ་སྤེལ་ནས། ཚད་ལྡན་གྱི་འདེབས་འཛུགས་དང་ལུགས་མཐུན་གྱི་ཉོ་སྒྲུབ། གཅིག་གྱུར་གྱི་ལས་སྣོན། མཉམ་གཅིག་ཏུ་ཕྱིར་འཚོང་བྱེད་པའི་ཐོན་ལས་འཁོར་འབྲེལ་ཆ་ཚང་བ་ཞིག་བཟོས་ཏེ། མང་ཚོགས་རྣམས་རྒུན་འབྲུམ་འདེབས་བློ་བདེ་བ་དང་བཙོང་བློ་བདེ་བ། འབབ་འཕར་ལ་འགན་སྲུང་ཡོད་པ་བཅས་བྱས་ཡོད།

དེང་སྐབས་ཡིན་ན། འཇང་མི་རིགས་ཤང་གི་རྒུན་འབྲུམ་ཐོན་ལས་ནི་ཐར་ཐོར་ཞིག་ལས་མེད་པ་ནས་གཞི་ཁྱོན་ཅན་དང་ཚད་གཞི་ཅན། ཐོན་ལས་ཅན་དུ་གྱུར་ཡོད་པ་དང་། གྲོང་གསེབ་ཀྱི་བེད་མེད་ལུས་པའི་ས་ཞིང་རྣམས་ལེགས་པར་སྤྱད་དེ། མང་ཚོགས་ལ་རང་ས་རང་ཡུལ་ནས་ཡོང་འབབ་གསོག་ཐབས་ཀྱི་ལམ་ཁ་རྒྱ་ཆེར་བསྐྱེད་ནས། གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ཡོང་བར་རྨང་གཞི་བརྟན་པོར་བཏིངས་ཡོད།

གོམ་སྟབས་རྗེས་མར། སྨར་ཁམས་རྫོང་འཇང་མི་རིགས་ཤང་གིས་ཁྱད་ལྡན་ཤིང་འབྲས་ཀྱི་ཐོན་ལས་ལེགས་པར་བསྐྱངས་ཏེ། འདེབས་འཛུགས་བདག་སྐྱོང་གི་ལག་རྩལ་ཇེ་ལེགས་དང་ཤིང་འབྲས་ཀྱི་སྤུས་ཀ་ཇེ་བཟང་། ཐོན་ལས་འཁོར་འབྲེལ་གྱི་ལེ་ལག་ཇེ་ཚང་བཅས་བཏང་སྟེ། “རོ་མངར་ལྡན་པའི་ཐོན་ལས”ཇེ་རྒྱས་ཇེ་སྟོབས་སུ་བསྒྱུར་ཏེ་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་གྱི་ལམ་ཁ་རྒྱ་བསྐྱེད་ཀྱིས་གྲོང་གསེབ་དར་རྒྱས་ལ་ཁྱད་ལྡན་ཐོན་ལས་ཀྱི་མཐུན་རྐྱེན་སྦྱར་རྒྱུ་རེད།