国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月13日

ངག་དབང་ལུག་གི་ཐོན་ལས་འབྲེལ་ཐག་ཐོག་གི་གོ་འཇོའི་སྟོབས་ཤུགས།

འདི་ནི་ངག་དབང་ལུག་ཡིན་པ།

སྟོན་ཟླ་དགུ་པར་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་འབོ་ལོ་གྲོང་རྡལ་བོད་ཤར་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་སྒོ་རའི་ནང་དུ་མེ་ཏོག་ཀྲང་ཏ་རེན་རབ་ཏུ་བཞད། ཁྲིད་དུ་འཁོད་པའི་དྲིལ་བསྒྲགས་གྱང་གྱི་མདུན་དུ་སྣེ་ཤན་པས་ངག་དབང་ལུག་གི་ཐོན་ལས་གཏམ་རྒྱུད་ངོ་སྤྲོད་བྱེད་བཞིན་ཡོད། བརྙན་ཤེལ་ཆེན་པོའི་ཐོག་གི་ད་ཐེངས་ཀྱི་གསར་འགོད་པའི་ཚོགས་པའི་དྲ་རྒྱའི་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི“སེ་འབྲུ་མེ་ཏོག་བཞད་ཅིང་ས་བོན་གཅིག་ཏུ་འབྲེལ”ཞེས་པའི་ཡིག་འབྲུ་མངོན་གསལ་ཧ་ཅང་དོད་པོ་ཡོད། སྒོ་རའི་ནང་ལས་དོན་མི་སྣས་སྲེག་ཐབ་ཐོག་ངག་དབང་ལུག་གི་ཤ་བཀྲག་པའི་དུ་བ་འཕྱུར། དེའི་འགྲམ་དུ་ལུག་ཤ་ཤ་སྒྲིལ་སོགས་ཐོན་རྫས་སྣ་ཚོགས་བཤམས་ཡོད། ལས་དོན་མི་སྣས་སྤྲོ་སེམས་འཁོལ་བའི་ངང་ནས་ཚང་མ་བྲོ་བ་མྱོང་བར་གདན་འདྲེན་ཞུས་པ་དང་། མི་ཞིག་གིས་ཁམ་གང་བཟས་རྗེས“ལུག་ཤ་འདིར་དངོས་གནས་ལུག་གི་དྲི་མ་མི་འདུག”ཅེས་མགོ་ལྕོག་ལྕོག་བྱེད།

འགྲེལ་བཤད་མཇུག་འགྲིལ་རྗེས། ཚང་མ་གསོ་སྤེལ་རྟེན་གཞིའི་ལུག་ཚང་ཕྱོགས་སུ་བསྐྱོད། ལས་དོན་མི་སྣ་བསྟན་འཛིན་རྡོ་རྗེ་དང་བསྟན་འཛིན་སྒྲོལ་མ་གཉིས་ཀྱིས་མི་ཚང་མར་དུག་སེལ་བྱས་པའི་གྱོན་གོས་དང་ཁ་རས་སྤྲོད་དུ་ཡོང་། ཁོ་གཉིས་ཀྱིས་དེ་རིང་གནས་སྐབས་ཀྱི“རོགས་ཟླ”བྱས་ནས་སྣེ་ལེན་བྱེད་ཀྱི་ཡོད། དུས་རྒྱུན་བསྟན་འཛིན་རྡོ་རྗེས་ཚོད་ལྟ་ཁང་དུ་ལུག་རེ་རེའི་གློག་རྡུལ་ཨམ་རྟགས་ཀྱི་གཞི་གྲངས་ལ་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད། སྐྱེས་པ་ནས་གསོ་སྤེལ་བྱེད་པའི་བར་གྱི་ཆ་འཕྲིན་ཚང་མ་ཁོ་པའི་གློག་ཀླད་ནང་ཡོད། བསྟན་འཛིན་སྒྲོལ་མ་ཉིང་ཁྲི་ཞིང་འབྲོག་སློབ་གླིང་གི་ཕྱུགས་ལས་ཕྱུགས་སྨན་ཆེད་ལས་ནས་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་ནས་ཀུང་སིར་ལག་རྩལ་པ་བྱས་ཏེ་རིམས་འགོག་སྨན་ཁབ་རྒྱག་པ་དང་། གཟན་ཆགས་སྟེར་བ། ལུག་ལ་སྨན་བཅོས་བྱེད་པ་སོགས་ཀྱི་ལས་ཀ་ཚང་མ་བྱེད་ཀྱི་ཡོད།

ཁོ་གཉིས་ཀ་ནི་གོ་འཇོ་རྫོང་གི་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཡིན་པ་དང་། གཉིས་ཀ་ཏང་གི་སློབ་གསོས་དམངས་ཕན་གྱི་སྲིད་ཇུས་ལ་བརྟེན་ནས་སློབ་ཆེན་དུ་བསྐྱོད་ཅིང་། ད་ཆ་སླར་ཡང་ཕ་ཡུལ་དུ་ཕྱིར་ལོག ཕྱིར་ལོག་བྱེད་དོན་གླེང་སྐབས་བསྟན་འཛིན་རྡོ་རྗེས“ང་ཆུང་དུས་ནས་ཁྱིམ་དུ་ལུག་གསོ་བཞིན་ཡོད། ང་རྟག་ཏུ་ལུག་རྫི་བྱེད་པར་འགྲོ་གི་ཡོད། རྗེས་སུ་རྫོང་གིས་ངག་དབང་ལུག་གི་ཁྱད་ལྡན་ཐོན་ལས་ཤུགས་ཆེན་བཏོད་པས་ང་ལ་ལས་ཞུགས་ཀྱི་གོ་སྐབས་ཡག་པོ་རག་བྱུང་། ནང་མིའི་རྒྱབ་སྐྱོར་འོག་ངས་ལས་ཀ་དེ་བདམས་པས་ད་ཆ་བློ་ཡིད་ཚིམ་སོང”ཞེས་བརྗོད།

བསྟན་འཛིན་རྡོ་རྗེ་ནི2022ལོར་ལས་ཞུགས་བྱས་པ་དང་། ལོ་དེར་ཁོ་སློབ་ཆེན་ཐོན་མ་ཐག་ཡིན། སྦྱངས་པའི་རྩིས་འཁོར་ཆེད་ལས་དང་གསོ་སྤེལ་ལས་རིགས་གཉིས་འབྲེལ་བ་མེད་པར། ཚང་མ་གཞི་ནས་སྦྱངས་འགོ་བརྩམས། “ངས་རྨང་གཞི་ཅི་ཡང་མེད་པ་ནས་མགོ་བརྩམས་ཏེ་ད་ཆ་གསོ་སྤེལ་གྱི་ཆེད་ལས་ལག་རྩལ་ཁོང་དུ་ཆུད་པ་དང་། སྲོལ་རྒྱུན་གྱི་གསོ་སྤེལ་ནས་ཚན་རིག་དང་མཐུན་པའི་གསོ་སྤེལ་དུ་གྱུར་ཡོད”ཅེས་བསྟན་འཛིན་རྡོ་རྗེས་སྐད་ཆ་དེ་བཤད་སྐབས་སུ་སྐད་མདངས་ཤིན་ཏུ་དལ་ཡང་ལོ་བཞིའི་རིང་བརྒྱུད་མྱོང་བའི་དཀའ་ཚེགས་ཁོ་པ་རང་ཉིད་ཀྱིས་མ་གཏོགས་ཤེས་ག་ལ་སྲིད།

ཁོ་པའི་གློག་ཀླད་ནང་རྟེན་གཞིའི་ལུག་ཚང་མའི“ཡིག་ཚགས”ཉར་ཡོད། གློག་རྡུལ་ཨང་རྟགས་བཤེར་ཚེ་ལུག་དེ་སྐྱེས་པའི་དུས་ཚོད་དང་། ཕ་མའི་རྒྱུད་གང་ཡིན་པ། རྒྱུད་སྤེལ་ཟིན་ཐོ། བདེ་ཐང་གི་གནས་ཚུལ་བཅས་ཚང་མ་གསལ་བོར་མཐོང་ཐུབ། ཁོ་པའི་ཉིན་རེའི་ལས་ཀ་ནི་གྲངས་གཞི་དེ་དག་ལ་གཞིགས་ནས་ལུག་གང་དག་ཕ་ལུག་བྱེད་པར་འཚམ་པ་དང་། གང་དག་རྒྱུད་འབྲེལ་བྱས་ནས་ལུག་གུ་མཚེ་མ་སྐྱེས་ཚད་མཐོ་རུ་གཏོང་ཐུབ་མིན་འཚོལ་ཞིབ་བྱ་རྒྱུ་དེ་རེད། ངོ་སྤྲོད་བྱས་པར་གཞིགས་ན། 2025ལོའི་ཟླ7པ་ནས་ད་བར་རྟེན་གཞིའི་ལུག112ལ་རྒྱུད་སྦྱོར་ནུས་ལྡན་བྱས་ནས་ལུག་གུ་མཚེ་མ་སྐྱེས་ཚད97.32%ཟིན་པ་དང་། རིམ་རྩིས་བྱས་ན་ལུག221ཐོན་སྐྱེད་བྱས་པར་ལུག206གསོན་ཐུབ་པས། གསོན་ཚད94.71%ཟིན་པ་རེད། གྲངས་གཞི་དེ་དག་ཟིན་པར་བསྟན་འཛིན་རྡོ་རྗེ་ཡི་བྱས་རྗེས་ལོས་ཡོད།

ཡིན་ནའང་ཁོ་པའི་ངོས་ནས་ལས་ཀ་འདིས་ཁོ་པར་ཐོབ་པའི་གྲུབ་འབྲས་དེ་བས་མང་བ་ཡོད།

“ད་ཆ་ང་ཚོས་ཕ་མ་སྤུན་མཆེད་དང་ཡུལ་མི་ཚོའི་གསོ་སྤེལ་གྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་རོགས་བྱས་ནས་ལག་རྩལ་མཛུབ་ཁྲིད་བྱས་པ་བརྒྱུད། ཁོང་ཚོའི་ཡོང་འབབ་དངོས་དངོས་རྗེན་རྗེན་གྱིས་མཐོ་རུ་ཕྱིན་ཡོད”བསྟན་འཛིན་རྡོ་རྗེས་དེ་སྔ་འབྲོག་པས་ལུག་གསོ་སྐབས་གནམ་ཁོ་ནར་བརྟེན་པ་དང་། རིགས་རྒྱུད་ཞན་དུ་ཕྱིན་པ། གསོ་སྤེལ་བྱེད་ཚད་དམའ་བ། རིན་གོང་མཐོ་པོ་མི་རག་པ་སོགས་རེད། ད་ཆ་ཀུང་སིས“གཅིག་གྱུར་ལྔའི”ཞབས་ཞུ་ཁྱབ་གདལ་བཏང་བ་སྟེ། རྒྱུ་མཁོ་འདོན་དང་། གཟན་ཆག རིམས་འགོག ལག་རྩལ་མཛུབ་ཁྲིད། མ་མཐའི་འགན་ལེན་ཚུར་བསྡུ་བཅས་གཅིག་གྱུར་བྱས་ནས་འབྲོག་པས་མཉམ་དུ་ལས་ཀ་བྱས་ན་འཐུས་ཞེས་བཤད། 2017ལོ་ནས་ད་བར་གཟན་རྩྭ་ཉོ་སྒྲུབ་བྱས་ནས་དུད་ཚང3800ལྷག་ལ་ཕན་པ་ཐོབ་པ་དང་ཚབ་གསོ་བྱེད་སྟངས་དུད་ཚང700ལྷག་ཙམ་ལ་ཁྱབ་ཡོད། གྲངས་འབོར་གྱི་རྒྱབ་ཏུ་ཡུལ་མི་ཚོའི་ཡོང་འབབ་ཀྱི་འགྱུར་ལྡོག་དངོས་དེ་རེད།

“ངར་འགན་འཁྲི་འཁུར་སེམས་ཤིག་ཡོད། ལུག་ཡག་པོ་གསོ་བ་ཙམ་མ་ཟད། རང་ཡུལ་གྱི་རིགས་རྒྱུད་དེ་བས་ཡག་པོ་སྲུང་འདོད” ཁོ་པས་ངག་དབང་ལུག་ནི་གོ་འཇོ་རྫོང་གི་ཡུལ་འདི་གའི་རིགས་རྒྱུད་ཡིན་པས2021ལོར《རྒྱལ་ཁབ་རིམ་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་འཛིན་ཐོན་ཁུངས་ཀྱི་མིང་ཐོའི》ནང་བཅུག་ཡོད་ཅེས་བཤད། ལོ་འདི་དག་རིང་ཁོ་པས་ལས་རོགས་གཞན་དག་དང་མཉམ་དུ་ཉིན་མོ་སྐོར་ཞིབ་དང་སྐྱེ་འཚར་གྱི་གཞི་གྲངས་ཐོ་འགོད་བྱས་ནས་གསོ་སྤེལ་གྱི་དཀའ་གནད་ཁྱད་བསད་བྱས་པ་རེད། རིགས་རྒྱུད་རྒྱུན་ཆད་མེད་པར་བརྟན་པོའི་ངང་མང་དུ་ཕྱིན་པ་དང་རིགས་རྒྱུད་ཀྱི་ཁྱད་ཆོས་ལ་སྲུང་སྐྱོང་ཐོབ་པ་མཐོང་བས“ཡིད་སེམས་ལྷོད་ཤིག་ཤིག་བྱུང་ཡོད”

བསྟན་འཛིན་རྡོ་རྗེ་དང་འདྲ་བར་ཕ་ཡུལ་དུ་ལོག་རྒྱུའི་གདམ་ག་བྱེད་མཁན་ད་དུང་བསྟན་འཛིན་སྒྲོལ་མ་ཡོད།

2022ལོར་ཁོ་མོ་ཉིང་ཁྲི་ཞིང་འབྲོག་སློབ་གླིང་གི་ཕྱུགས་ལས་སྨན་བཅོས་ཆེད་ལས་ནས་སློབ་མཐར་ཕྱིན་པ་དང་ཕྱིར་ལོག་མ་ཐག་ཀུང་སིའི་ལག་རྩལ་པ་བྱས། ཉིན་ལྟར་ལུག་དང་འབྲེལ་བའི་ལས་ཀ་ཚང་མ་ནི་སློབ་ཆེན་ནས་སྦྱངས་པའི་ཤེས་བྱ་ཤ་སྟག་ཡིན།“ཆེད་ལས་ཁ་གཏད”ཅེས་པའི་ཡིག་འབྲུ་བཞི་ནི་ཁོ་མོའི་ངོས་ནས་བརྗོད་ན་ལོ་རྒྱུས་རང་ཉིད་ངོ་སྤྲོད་མདོར་བསྡུས་ཐོག་གི་ཚིག་གཅིག་ཡིན་པར་མ་ཟད། ཉིན་ལྟར་གྱི་ལས་ཀའི་ནང་དོན་དངོས་ཀྱང་རེད། ལུག་ལ་རིམས་འགོག་སྨན་ཁབ་རྒྱག་སྐབས། ཁོ་མོས་སློབ་དེབ་ནང་གི་རིམས་འགོག་གོ་རིམ་དྲན་སྲིད། རྒྱུད་སྦྱོར་ཟིན་ཐོ་འགོད་སྐབས། མོས་ཟིན་བྲིས་ཁ་ཕྱེས་ནས་ལག་རྩལ་གྱི་གཙོ་གནད་ཐེངས་གཅིག་བཤེར་བར་བྱེད། སྐབས་འགར་དཀའ་གནད་ཆེ་བའི་ནད་དཔེ་འཕྲད་སྐབས་ཁོ་མོས་ད་དུང་དགེ་རྒན་དང་སློབ་གྲོགས་ལ་ཁ་པར་བརྒྱབ་ནས་སྐད་ཆ་འདྲི་རྐྱང་བྱེད།

འབྱུང་འགྱུར་གྱི་འཆར་གཞིའི་སྐོར་གླེང་སྐབས་སུ། བསྟན་འཛིན་སྒྲོལ་མས་རང་ཉིད་ཀྱིས་མ་སྐུལ་དང་ལེན་གྱིས་གསོ་སྤེལ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལག་རྩལ་སློབ་སྦྱོང་བྱེད་པ་དང་། དངོས་སྦྱོང་ཉམས་མྱོང་གསོག་འཇོག གསོ་སྤེལ་གྱི་ཉེན་ཁ་ཆུང་དུ་གཏོང་བ། རང་འཁྲིའི་ལས་ཀ་ནན་ཏན་གྱིས་སྒྲུབ་ཀྱི་ཡིན་ཞེས་བཤད།

སློབ་ཆེན་སློབ་མ་གཉིས་ཀྱིས་གཅིག་གིས་ཚོད་ལྟ་ཁང་དུ་གཞི་གྲངས་ལ་བལྟ་བ་དང་། གཅིག་ཤོས་དེས་ལུག་ཚང་དུ་ལག་རྩལ་ངོམ་བཞིན་ཡོད། ཁོ་གཉིས་ནི་ཀ་བ་གཉིས་དང་འདྲ་བར་ངག་དབང་ལུག་གི་ཐོན་ལས་སྦྲེལ་ཐག་ཐོག་གི“ལག་རྩལ”གྱི་ལྷུ་ཚིགས་ལ་འདེགས་སྐྱོར་བྱས་ཡོད། འོན་ཀྱང་ཐོན་ལས་འབྲེལ་ཐག་གི་རྨང་གཞི་ནི་དེ་བས་དམའ་བའི་གནས་སུ་ཡོད།

སྲི་ཆོས་ནི་རྨང་གཞི་སྲུང་མཁན་དེ་རེད། 2017ལོར་ཁོ་པ་ཀུང་སིར་ཞུགས་པ་དང་རྟེན་གཞིའི་ཡུལ་དེ་གའི་གསོ་ཚགས་པ་སྔ་ཤོས་ཀྱི་གྲས་རེད། ད་ཆ་ཁོས་ལུག་ཚང་བཞི་ལྔའི་རྒྱུན་གཏན་གྱི་དོ་དམ་སྲུང་སྐྱོང་གི་འགན་འཁུར་གྱི་ཡོད་པ་དང་། གསོ་ཚགས་པ་གཞན་བཞི་དང་མཉམ་དུ་རྟེན་གཞིའི་ནང་གི་ལུག་ཚང་མར་ལྟ་རྟོག་བྱེད་ཀྱི་ཡོད། ཁོ་པར་སློབ་ཆེན་གྱི་ཡོན་ཚད་མེད་ལ་རིགས་རྒྱུད་ཀྱི་གཞི་གྲངས་ལའང་མི་རྟོགས། འོན་ཀྱང་ཁོ་པས་དེ་རིང་ལུག་གང་གིས་གཟན་རྩྭ་མང་པོ་བཟས་མེད་པ་དང་། ལུག་གང་གིས་གོམ་པ་སྤོ་སྟངས་མི་འདྲ་བ་ཡོད་པ་སོགས་གསལ་པོ་ཤེས། ཉམས་མྱོང་འདི་དག་སློབ་དེབ་ནང་མེད་ལ་་གཞི་གྲངས་ཀྱིས་ཀྱང་འཚོལ་མི་ཐུབ།

དེ་སྔ་ཁོ་པར་ཕྱིར་ཞོར་ལས་བྱེད་པར་དོང་བར་ལོ་གཅིག་ལ་ཡོང་འབབ་མང་པོ་གསོག་ཐུབ་ཀྱི་མེད། ད་ཆ་རྟེན་གཞིར་ལས་ཀ་བྱེད་ཀྱི་ཡོད་པས་ཟླ་རེར་ཡོང་འབབ་བརྟན་པོ་ཡོད་པ་དང་། ཁྱིམ་དང་ཐག་ཉེ་བ། ཁྱིམ་ལ་ལྟ་རྟོག་ཐུབ་པ་མ་ཟད། གསོ་སྦྱོང་ནང་ཞུགས་པའི་གོ་སྐབས་ཀྱང་ཡོད། ཁོ་པས“སྔོན་ཆད་ལུག་འཚོ་བ་ནི་ལྟོ་གོས་ཕྱིད་ཐབས་ཡིན། ད་ལྟ་ནི་ལས་ཀར་འགྲོ་གི་ཡོད”ཅེས་བཤད།

བསྟན་འཛིན་རྡོ་རྗེས་ཚོད་ལྟ་ཁང་དུ་གཞི་གྲངས་ལ་དབྱེ་ཞིབ་བྱེད་པ་དང་། བསྟན་འཛིན་སྒྲོལ་མས་ལུག་ཚང་དུ་ལག་རྩལ་མཛུབ་ཁྲིད་བྱེད་པ། སྲི་ཆོས་ཀྱིས་གཟན་རྩྭ་འཇོག་སར་བྲེལ་བཞིན་ཡོད་པ་བཅས། ཁོང་ཚོ་ངག་དབང་ལུག་གི་ཐོན་ལས་སྦྲེལ་ཐག་གི་གནས་བབ་མི་འདྲ་བར་གནས་ཤིང་མཉམ་དུ་འབྲེལ་ལམ་ཞིག་འཛུགས་ཡོད་དེ། ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་པ་དེས་ལུག་དེ་བས་ལེགས་པ་ཡོང་བ་དང་། ལག་རྩལ་བེད་སྤྱོད་བྱས་པ་དེས་གསོ་ཚགས་དེ་བས་ཕན་ནུས་ཆེ་བ། རྨང་གཞིའི་གསོ་ཚགས་བྱས་པ་དེས་ཐོན་ལས་ལ་རྨང་གཞི་ལྡན་པ་བཅས་ཡིན།

ཐོན་ལས་འཕེལ་རྒྱས་ཀྱི་རྒྱབ་ཏུ་ཁེ་ཕན་ཟུང་འབྲེལ་གྱི་ལམ་སྲོལ་ཆ་ཚང་བ་ཞིག་ཡོད། ཉེ་བའི་ལོ་ཤས་ཀྱི་རིང་ལ། གོ་འཇོ་རྫོང་གིས་གྲོང་གསེབ་དར་རྒྱས་ཀྱི་ཐོན་ལས་དར་རྒྱས་གཏོང་བའི་འཐབ་ཇུས་ལས་འགན་ལ་དམིགས་ནས། “ཀྲི་པུའུ+ཀུང་སི+རྟེན་གཞི+མཉམ་ལས་ཁང+ཞིང་དུད”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་མཐའ་འཁྱོངས་བྱས་ཏེ། ཀྲི་པུའུ་ཡིས་ཁྲིད་སྟོན་དང་ཏང་ཡོན་གྱིས་སྣེ་ཁྲིད་འོག་མང་ཚོགས་ངག་དབང་ལུག་གི་གཟན་རྩྭ་འདེབས་འཛུགས་དང་། སྐྱེ་ལྡན་ལུད་ཐོན་སྐྱེད། གསོ་ཚགས་རྒྱགས་གསོ་སོགས་ལྷུ་ཚིགས་ཁག་ནང་རྒྱ་ཁྱབ་ངང་ཞུགས་སུ་བཅུག་ཡོད། མིག་སྔའི་བར་རྫོང་དེ་ཡོངས་སུ་གཟན་རྩྭའི་རྟེན་གཞི་མུའུ7665བསྐྲུན་པ་དང་། གསོ་སྤེལ་ཆེད་ལས་མཉམ་ལས་ཁང4འཕེལ་རྒྱས་བཏང་བ། གསོ་སྤེལ་དུད་ཚང་ཆེ་གྲས(གསོ་སྤེལ་བྱེད་ཚད་མགོ་གྲངས600ཡན་ཟིན་པ)9ལ་རོགས་སྐྱོར་བྱས་ནས་ཞིང་འབྲོག་མང་ཚོགས་དུད་ཚང577ལ་ཡོང་འབབ་འཕར་བར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད།

ངག་དབང་ལུག་ནི་གོ་འཇོ་རྫོང་དུ་གསོ་ཚགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན་པས། ས་གནས་དེ་གའི་འབྲོག་པ་མི་རབས་ནས་མི་རབས་བར་འཚོ་གནས་བྱེད་པའི་ཐོན་ལས་ཀྱི་རྨང་གཞི་ཞིག་རེད། མང་ཚོགས་ཀྱི་མིག་ནང་ངག་དབང་ལུག་ནི་གཅེས་ནོར་ཞིག་ཡིན་པ་དང་ཁྱིམ་ཚང་གི་ཡོང་འབབ་ཀྱི་ཡོང་ཁུངས་གལ་ཆེན་ཞིག་ཡིན་ལ་ཡུལ་ཕྱོགས་རིག་གནས་ཀྱི་གཞི་རྟེན་ཞིག་ཀྱང་རེད། “ངག་དབང་ལུག་ལེགས་པར་སྲུང་བ་ནི་ང་ཚོའི་ཕ་ཡུལ་གྱི་རྩ་བ་སྲུང་བ་དང་ཁྱད་མེད”ཞེས་བསྟན་འཛིན་རྡོ་རྗེས་སྐད་ཆ་དེ་ཤོད་སྐབས་ངག་དལ་ཞིང་དེ་ནི་ལུགས་དང་མཐུན་པའི་དོན་ཞིག་བཤད་པ་དང་མཚུངས།