国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月09日

ཀྲང་ལི་ཡིས་གྲོང་ཁྱེར་གྱི་གྲངས་གཞི་ཆེ་མོ་ལྟེ་གནས་དང་གྲོང་ཁྱེར་གྱི12345ཡི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་ལྟེ་གནས་སུ་བརྟག་ཞིབ་གནང་བ།

འདི་ནི་གྲོང་ཁྱེར་གྱི12345ཡི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་ལྟེ་གནས་སུ། ཀྲང་ལི་ཡིས་ལས་སྒྲུབ་ཀྱི་བརྒྱུད་རིམ་དང་སྐར་ཁུང་འཁོར་སྐྱོད་དོ་དམ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་གྲོང་ཁྱེར་གྱི་གྲངས་གཞི་ཆེ་མོའི་ལྟེ་གནས་དང་གྲོང་ཁྱེར་གྱི་12345 ཡི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་ལྟེ་གནས་སུ་བསྐྱོད་དེ་བརྟག་ཞིབ་གནང་ཞིང་། ཁོང་གིས་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། གྲངས་འཛིན་སྲིད་གཞུང་དང་། གྲངས་འཛིན་དཔལ་འབྱོར། གྲངས་འཛིན་སྤྱི་ཚོགས་བཅས་གཞི་གཅིག་ཏུ་བསྐྲུན་ཏེ་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་གྲངས་འཛིན་གྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཀྲང་ལི་གྲོང་ཁྱེར་གྱི་གྲངས་གཞི་ཆེ་མོའི་ལྟེ་གནས་སུ་ཕེབས་ནས་བཀོལ་སྤྱོད་མ་ལག་གི་འགྲེམས་སྟོན་ལ་ལྟ་སྦྱོང་ནན་ཏན་བྱས་ཏེ་ལས་སྟེགས་འཛུགས་སྐྲུན་གྱི་འཁོར་སྐྱོད་དང་། རྣམ་པ་བེད་སྤྱོད།སྲིད་དོན་ཞབས་ཞུ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པར་གསན་ཞིང་། ཁོང་གིས་གྲངས་གཞི་ཆེ་མོ་ནི་རྨང་གཞིའི་ཐོན་ཁུངས་དང་འཐབ་ཇུས་ཀྱི་ཐོན་ཁུངས་གལ་ཆེན་ཞིག་ཡིན་པ་དང་གྲངས་གཞི་ཆེ་མོའི་ཐོན་ལས་ནི་ས་མཐོའི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ཁྱབ་ཁོངས་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ཐོན་ལས་གྲངས་གཞི་ཅན་དང་གྲངས་འཛིན་ཐོན་ལས་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྣང་ཆེན་བྱས་ཏེ་གྲངས་གཞིས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

གྲོང་ཁྱེར་གྱི་ས་ཁོངས་ཧྲིལ་པོར་གྲངས་འཛིན་ཅན་ཕྱོགས་སྒྱུར་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་སྡེ་ཚན་གྱི་གྲངས་གཞིའི་མཁར་རྫོང་ཤར་གཏོང་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་འགན་ལེན། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་པ་དང་ཁྱབ་ཁོངས་མི་འདྲ་བའི་དགོས་མཁོ་དང་ལས་རིགས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་བཀོལ་སྤྱོད་དཔེ་དུམ་གནད་སྨིན་བཀོད་སྒྲིག་བྱེད་ཅིང་། བཀོལ་སྤྱོད་རྣམ་པ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ“གཞི་གྲངས་ཀྱིས་ལས་ཀ་བསྒྲུབས་ནས་མང་ཚོགས་གང་སར་རྒྱུག་མི་དགོས་པར”བྱས་ནས་གྲོང་ཁྱེར་བཅོས་སྐྱོང་རིག་ནུས་ཅན་དང་ཞིབ་ཚགས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། གྲངས་གཞིར་རིགས་དབྱེ་རིམ་དབྱེའི་སྲུང་སྐྱོང་དང་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གྲངས་གཞི་གལ་ཆེན་གྱི་ཡིད་རྟོན་འཚོལ་བསྡུ་དང་། གསང་སྡོམ་བརྒྱུད་གཏོང་། བློས་འགེལ་ཆོག་པའི་གསོག་འཇོག བདེ་འཇགས་མཉམ་སྤྱོད། གསོག་ཉར་ཁུངས་འདེད་བཅས་འགན་ལེན་བྱས་ཏེ་གྲངས་གཞིའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཤེས་ལྡན་མི་སྣའི་བོད་སྐྱོར་ལམ་སྲོལ་ཡག་པོ་སྤྱད་དེ་ནང་ངོས་གསོ་སྐྱོང་དང་ཕྱི་ནས་ནང་འདྲེན་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་ནས་གྲངས་གཞིའི་ལག་རྩལ་ཤེས་ལྡན་མི་སྣ་དང་གཉེར་སྐྱོང་ཤེས་ལྡན་མི་སྣ་ཁག་གཅིག་བསྡུ་རུབ་གང་དྲག་བྱས་ཏེ་གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱུན་ཆད་མེད་པའི་རིག་སྟོབས་ཀྱི་འདེགས་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་ལྟེ་གནས་སུ། ཀྲང་ལི་ཡིས་ས་ཡུལ་དངོས་སུ་ཞབས་ཞུའི་སྐར་ཁུང་བཀོད་སྒྲིག་དང་། ལས་དོན་སྒྲུབ་པའི་བརྒྱུད་རིམ། སྐར་ཁུང་འཁོར་སྐྱོད་དོ་དམ། དམངས་ཕན་ཞབས་ཞུའི་བྱ་ཐབས་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས12345ཡི་ཐད་སྦྲེལ་ཁ་པར་ནི་མང་ཚོགས་ཀྱི་སེམས་སྒྲ་ཉན་པ་དང་། དམངས་ཀྱི་འདོད་བློ་ཤེས་རྟོགས་བྱེད་པ། དམངས་ཀྱི་སེམས་ཁྲལ་ཐག་གཅོད་བྱེད་པ་བཅས་ཀྱི་སྐར་ཁུང་གལ་ཆེན་ཞིག་ཡིན། དོན་དག་རེ་རེ་བཞིན་སྒྲུབ་པ་ནི་དམངས་ལ་ཞབས་འདེགས་ཞུ་བའི་མེ་ལོང་ལྟ་བུ་ཡིན་པས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། མང་ཚོགས་ཀྱི་དོན་ཆུང་དེ་ང་ཚོའི་དོན་ཆེན་ཞིག་ཏུ་བརྩིས་ནས་ངང་རྒྱུད་རིང་པོས་ཉན་པ་དང་སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་རེ་ཞུ་རེ་རེ་བསྒྲུབ་ནས་དོན་དག་ཚང་མ་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། སྲིད་དོན་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་། ལུགས་མཐུན་ཅན །སྟབས་བདེ་ཅན། རིག་ནུས་ཅན་བཅས་ཀྱི་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་ལ། སྲིད་འཛིན་ཞིབ་མཆན་དང་སྤྱི་པའི་ཞབས་ཞུའི་དོན་ཚན་སྔར་ལས་མང་བ་དྲ་ཐོག་ནས་སྒྲུབ་རྒྱུར་སྐུལ་འདེད་གང་དྲག་གཏོང་བ་དང་། ཐོན་མང་བའི་སྤྱི་ཁྱབ་རང་བཞིན་གྱི་གནད་དོན་ལ་གཞིགས་ནས་གྲངས་གཞི་ཆེ་མོ་སྤྱད་དེ་འབྱུང་རྩར་དབྱེ་ཞིབ་གནད་སྨིན་བྱེད་ཅིང་།“དོན་དག་གཅིག”ཐག་གཅོད་ཐུབ་པ་ནས“དོན་དག་རིགས་གཅིག”ལེགས་སྒྲུབ་ཐུབ་པའི་ཕྱོགས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ལའོ་ཆིན་འུའུ་སོགས་གྲོང་ཁྱེར་གྱི་འགོ་ཁྲིད་བརྟག་ཞིབ་ནང་ཞུགས་པ་རེད།