འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་དཔལ་འབྱོར་གསར་སྤེལ་ཁུལ་དུ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་། ཐང་ཧའོ་དང་གྱ་ཤིན་ཡུས་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་ཡོད།
ཀྲང་ལི་ཧ་རུང་ཞོལ་ཧྭ་སྦི་རག(བོད་ལྗོངས)ཚད་ཡོད་ཀུང་སིའི་བཟོ་གྲྭ་གསར་པའི་ཨར་ལས་བྱ་ཡུལ་དུ་ཕེབས་ནས། རྣམ་གྲངས་ཀྱི་འཕེལ་རིམ་ལ་གཟིགས་ཞིབ་གནང་བ་དང་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་གི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ཆབ་མདོའི་སྤུས་ལེགས་ཆུ་ཁུངས་དང་རྒྱུ་ཆ། ཤ་མོའི་རིགས་བཅས་ལེགས་པར་སྤྱད་དེ། འཛད་སྤྱོད་པའི་དགོས་མཁོར་མཐུན་པའི་ཐོན་རྫས་གསར་པ་བཟོས་ཏེ། ཕྱིར་འཚོང་ལ་ཤུགས་བརྒྱབ་ནས། འཛད་སྤྱོད་པའི་ཁྲོམ་ར་སྔར་བས་རྒྱ་བསྐྱེད་དང་ཐོན་ཁུངས་ཀྱི་ལེགས་ཆ་ཐོན་རྫས་ཀྱི་ལེགས་ཆ་དང་ཚོང་རྟགས་ཀྱི་ལེགས་ཆར་བསྒྱུར་དགོས་ཞེས་བསྟན།
ཏཱ་ཐང་བོད་ཤར་ལྷོའི་ནུས་རྒྱུ་གཙང་མའི་རྟེན་གཞིའི་ཐོན་ལས་གླིང་དུ་ཀྲང་ལིས་ཁེ་ལས་ཀྱི་འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་གནང་བ་རེད། ཁོང་གིས་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་འཐབ་ཇུས་ལ་རང་འགུལ་གྱིས་ཞབས་འདེགས་ཞུ་བ་དང་། ཆབ་མདོའི་ནུས་རྒྱུ་གཙང་མའི་ལེགས་ཆ་སྔོག་འདོན་གང་ལེགས་བྱེད་པ། ཀྲུང་དབྱང་དང་ས་གནས་དབར་མཉམ་ལས་ཟབ་སྤེལ། ཐོན་ལས་འཁོར་འབྲེལ་གྱི་ལེ་ལག་ཚང་བའི་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ནུས་རྒྱུ་གཙང་མའི་རྟེན་གཞི་ལེགས་པར་བསྐྲུན་ཕྱིར་མཐུན་རྐྱེན་སྦྱར་དགོས་ཤིང་། ལེགས་ཆ་ལྡན་པའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་ཁེ་ཕན་མཉམ་སྤྱོད་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཐོན་ཁུངས་གསར་སྤེལ་གྱི་གྲུབ་འབྲས་ཇེ་མང་ཇེ་སྙོམས་ཀྱི་སྒོ་ནས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པར་བྱ་དགོས་པའི་ནན་བཤད་གནང་ཡོད།
བོད་ལྗོངས་ལྷ་ཡི་བདུད་རྩི་བོད་སྨན་ཚད་ཡོད་ཀུང་སི་ནི་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་མ་རྩ་ཁེར་འཇོག་གི་བོད་སྨན་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཤིག་རེད། ཀྲང་ལི་ཐོན་སྐྱེད་ལས་ཁང་དུ་ཕེབས་ནས་ཐོན་སྐྱེད་དང་གཉེར་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། བོད་ལུགས་གསོ་རིག་ནི་ཀྲུང་ཧྭའི་གསོ་རིག་གཏེར་མཛོད་དུ་འོད་སྟོང་འཕྲོ་བའི་མུ་ཏིག་ལྟ་བུ་ཞིག་ཡིན་པས་བསམ་བློར་བཅིངས་འགྲོལ་དང་ཡུལ་བབ་ལ་བསྟུན་ནས། ནང་བརྟན་ཕྱི་སྐྱེད་དང་ཚན་རྩལ་གསར་གཏོད་ཅས་ཀྱི་ཐད་ཤུགས་སྣོན་རྒྱག་དགོས་པ་དང་། ཆབ་མདོར་རོགས་སྐྱོར་གནང་མཁན་ཞིང་ཆེན་དང་གྲོང་ཁྱེར་དག་གི་ཐོན་ཁུངས་ལེགས་པར་སྤྱད་དེ། ཐོན་རྫས་སྣ་མང་གསར་སྤེལ་གྱིས་འགྲན་ཟླ་བྲལ་བའི་སྤུས་རྟགས་གཏོད་པ་དང་ཚོང་ལམ་རྒྱ་ཆེར་བཏང་ནས། སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་ཐོན་ལས་ཅན་དང་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱ་ཡུལ་དུ་ཀྲང་ལིས་ཨར་ལས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ཁོང་གིས་གཙོ་གནད་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་འགན་སྲུང་གང་ནུས་བྱས་ཏེ། རྣམ་གྲངས་ཨར་ལས་ལ་མཐུན་རྐྱེན་ཡག་པོ་བསྐྲུན་དགོས། རྣམ་གྲངས་ཀྱི་བདག་པོ་དང་མཉམ་ཞུགས་ཚན་པ་ཁག་གིས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་དང་ལས་གཞིའི་སྤུས་ཚད་ལ་འགན་ལེན་ཡོད་པའི་ཐོག་ནས། ཨར་ལས་ཚུལ་ལྡན་དང་ཨར་ལས་བདེ་འཇགས་ཀྱི་བྱ་བ་ལེགས་པར་བསྒྲུབས་ཏེ། གླ་ཆ་འགྱངས་ཆད་རྐྱེན་ངན་ཡོངས་བཤེར་གྱིས་རྒྱ་ཆེའི་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་ཁེ་ལས་ཀྱི་སྣང་བརྙན་བཟང་འཁྱོངས་ཀྱིས་དུས་རབས་ཀྱི་ལས་གཞི་དང་གལ་ཆེའི་ལས་གཞི་རྣམས་འཛུགས་སྐྲུན་ལེགས་པར་བྱ་དགོས་པའི་བླང་བྱ་བཏོན་ཡོད།
བརྟག་ཞིབ་བྱེད་རིང་། ཀྲང་ལི་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་སྡེ་ཚན་ཁག་གིས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་ནས། གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་ཁག་ལ་ཞབས་འདེགས་སྔ་ཞུ་དང་ཞབས་འདེགས་རང་ཞུ་དགོས་པ་དང་། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། ལས་གྲྭའི་རྣམ་གྲངས་ལ་གཏོར་བཤིག་དང་འགལ་རྐྱེན་བཟོ་བ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོར་བཏང་ནས། སྤུས་དག་གོང་འཕེལ་ལ་གཡས་གཞོགས་གཡོན་འདེགས་བྱ་དགོས་པའི་ནན་བཤད་གནང་ཡོད།

