国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月06日

ལའོ་ཆིན་འུའུ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་དང་སྲིད་གྲོས་ཀྱི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས26ཉིན་དང་ཚེས27ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ལྷོ་རོང་རྫོང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་། གྲོང་ཁྱེར་སྲིད་གྲོས་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཞིང་ལས་དང་གྲོང་གསེབ། བཟོ་ཚོང་ལྷན་ཚོགས། དཔལ་འབྱོར། སྐྱེ་ཁམས་ཁོར་སྲུང་མཉམ་འབྲེལ་ཚོགས་པ་བཅས་ཀྱི་གྲོས་བསྡུར་ནང་ཞུགས་ནས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོ་དང་ལྷན་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན།“ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་བཅས་ལ་གྲོས་ཞིབ་གནང་བ་དང་ཆབས་ཅིག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་སྒྲོམ་གཞིར་གསལ་བཤད་དང་། ལས་རིགས་ཁག་གི་བསམ་འཆར་དང་གྲོས་འགོར་གསན་བཞེས་གཟབ་ནན་གནང་བ་རེད།

ཚོགས་ཞུགས་འཐུས་མི་དང་ཨུ་ཡོན་ཚོས་སྙན་སྒྲོན་ཁག་ལས་གྲུབ་འབྲས་ཕྱོགས་བསྡོམས་གནང་བ་ཐམས་ཅད་དངོས་ཐོག་བདེན་འཚོལ་དང་ལས་འགན་བཀོད་སྒྲིག་གནང་ལུགས་ཚན་རིག་དང་མཐུན་ཞིང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོར་དམ་དུ་དམིགས་པ་དང་། ཆབ་མདོའི་དོན་དངོས་དང་མཐུན་པ། མང་ཚོགས་ཀྱི་རེ་འདོད་ལ་ལན་བཏབ་པ་བཅས་སེམས་ནུས་གཅིག་སྒྲིལ་དང་སྐུལ་ལྕག་ཡར་སྐྱེད་ལྡན་པའི་སྙན་སྒྲོན་ཡག་པོ་ཞིག་ཡིན་པའི་ངོས་འཛིན་གཅིག་མཐུན་བྱུང་བ་དང་། ཚང་མས་རྨང་གཞིའི་སྒྲིག་བཀོད་མཐོར་འདེགས་དང་། གཞི་རིམ་སྨན་བཅོས་ཀྱི་སྤུས་ཚད་མཐོར་འདེགས། ཁྱད་ལྡན་ཐོན་ལས་རིམ་སྤོར། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་གནང་ཡོད་པ་རེད།

གཏམ་བཤད་ལ་གསན་བཞེས་གཟབ་ནན་གནང་རྗེས། ལའོ་ཆིན་འུའུ་ཡིས་འདི་ལོ་ནི་གྲོང་ཁྱེར་དང་རྫོང་། ཤང་བཅས་རིམ་པ་གསུམ་གྱི་སྐབས་བརྗེའི་ལོ་ཞིག་ཡིན་པ་དང་། འགོ་ཁྲིད་ཚན་ཁག་གསར་པས་འགན་འཁྲི་ཕྱོགས་ཡོངས་ནས་བསྒྲུབ་རྒྱུ་ནི་སྔ་མཐུད་ཕྱི་སྤེལ་དང་འབད་འཐབ་རྒྱུན་མཐུད་བྱེད་པའི་འགག་རྩའི་ལྷུ་ཚིགས་ཤིག་རེད། ད་ཐེངས་ཀྱི་ཚོགས་ཆེན་ནི་འདས་ཟིན་པའི་ལོ་ལྔའི་རིང་གི་གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་ཕན་འབྲས་ལ་ཁྱོན་ཡོངས་ནས་བསྐྱར་ཞིབ་ཕྱོགས་བསྡོམས་བྱེད་པ་ཞིག་ཡིན་ལ་ལྷག་པར་དུ་འགོ་འཛུགས་ས་གསར་པ་དང་དམིགས་ཚད་གསར་པར་གཞིགས་ཏེ། མ་འོངས་ལོ་ལྔ་དང“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་སྤུས་དག་གོང་འཕེལ་ལ་བརྒྱུད་རིམ་ལྡན་པའི་འཆར་འགོད་ཀྱི་འཐབ་ཇུས་བཀོད་སྒྲིག་གནང་བ་ཞིག་རེད་ཅེས་བསྟན།

ལའོ་ཆིན་འུའུ་ཡིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རྩ་འཛུགས་ཀྱི་ཡིད་ཆེས་དང་མང་ཚོགས་ཀྱི་རེ་བཅོལ་འཁུར་ཡོད་པས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། སྲིད་ཇུས་དང་རིག་གཞུང་ལ་སློབ་སྦྱོང་ཟབ་ཏུ་གཏོང་བ། འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ། སྲིད་ཇུས་ཀྱི་ཁྲིད་སྟོན་ཁོང་དུ་ཆུད་པ་བཅས་བྱས་ཏེ། སྲིད་ཇུས་ཀྱི་དྲིལ་བསྒྲགས་པ་དང་མི་དམངས་ཀྱི་མགྲིན་ཚབ་པ། མང་ཚོགས་ཀྱི་གྲོགས་བཟང་བཅས་བྱ་དགོས་ལ། གཞི་རིམ་གྱི་འཐབ་ས་དང་པོར་ཟབ་ཞུགས་བྱས་ནས་དམངས་ཀྱི་བསམ་འདུན་དང་གནས་ཚུལ་གསན་བཞེས་དང་། འཕེལ་རྒྱས་ཀྱི་ཞན་ཆ་དང་ལས་ཀའི་འགག་གནད། དམངས་འཚོའི་དཀའ་གནད་བཅས་གསེད་བཀྲོལ་གནད་འཁེལ་བྱས་ཐོག སྲིད་ཇུས་དང་དོན་དངོས། དམངས་འཚོ་བཅས་ལ་འཚམས་པའི་བསམ་འཆར་དང་གྲོས་འགོ་འདོན་དགོས། འཕེལ་རྒྱས་ཀྱི་དོན་ཆེན་དང་བསྒྱུར་བཅོས་ཀྱི་དོན་ཆེན། དམངས་འཚོའི་བྱ་བ་དངོས་སོགས་ལ་དམ་པོར་སྦྲེལ་ནས་ཚད་མཐོ་བ་དང་གཏིང་ཟབ་པ། དྲོ་སྐྱིད་ལྡན་པ། དོན་ཐོག་ཏུ་འཁྱོལ་ཐུབ་པ་བཅས་ཀྱི་ལྟ་བ་བཟང་པོ་མང་ཙམ་བཏོན་ནས། གྲོང་ཁྱེར་ཡོངས་ཀྱི་བྱ་གཞག་ཁག་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད།

ལའོ་ཆིན་འུའུ་ཡིས་ཉེ་བའི་ལོ་ཤས་རིང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་དག་གོང་འཕེལ་ཐད་ཐོབ་པའི་ལྷོ་རོང་རྫོང་གི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཡོད། ཁོང་གིས་ལྷོ་རོང་རྫོང་གིས་གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་རང་འགུལ་ཞུགས་ནས་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་རྣམ་གྲངས་གྲབས་གསོག་དང་དུས་འགོའི་ལས་དོན་ལེགས་སུ་བཏང་ནས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཤུགས་རྒྱུན་མཐུད་བརྟན་དུ་གཏོང་བ་དང་། ཁྲོམ་རའི་བྱེད་པོ་གསོ་སྐྱོང་དང་སྟོབས་ཆེར་གཏོང་དགོས། ནས་ཀྱི་ཁྱད་ལྡན་ཐོན་ལས་སྟོབས་ཆེར་བཏང་ནས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་། ཐོན་སྐྱེད་དང་ཕྱིར་ཚོང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རིག་གནས་ཐོན་ཁུངས་ཀྱི་ནུས་པ་སྔོག་འདོན་གཏིང་ཟབ་བྱེད་པ། རིག་གནས་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་འཁྲུག་ཏུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་དག་གོང་འཕེལ་འགྲོ་བའི་སྐས་རིམ་གསར་པ་ཞིག་ཏུ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།