国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月06日

ཀྲང་ལི་ཡིས་འཇོ་མདའ་དང་གོ་འཇོར་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།

གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། སྐྱེ་ཁམས་ལེགས་ཆ་མང་དུ་གཏོང་བ་བཅས་བྱས་ཏེ། བདེ་འཇགས་འཕེལ་རྒྱས་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན་དགོས།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཡིས་འཇོ་མདའ་དང་གོ་འཇོ་རྫོང་དུ་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་འཕེལ་རིམ་དང་། བདེ་འཇགས་ཐོན་སྐྱེད། སྐྱེ་ཁམས་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། གྲོང་ཨུད་ཀྱི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་ལས་གནས་བརྟན་སྲུང་བྱེད་མཁན་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།

ཀྲང་ལི་གཡུ་ལུང་ཟངས་ལས་མ་རྐང་ཚད་ཡོད་ཀུང་སིའི་བཀོད་འདོམས་ལྟེ་གནས་སུ་ཕེབས་ཏེ་གཏེར་ཁུལ་གྱི་ལས་སྒྲུབ་དང་། མི་སྣའི་ལས་ཤུལ། སྒྲིག་ཆས་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། གཏེར་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་ལམ་ལུགས་དོན་འཁྱོལ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག འགོ་ཁྲིད་ཀྱིས་ལས་རེས་སྣེ་ཁྲིད། རིག་ནུས་ཅན་གྱི་ཕྱོགས་བསྡུས་དོ་དམ་ཚོད་འཛིན་སོགས་ཀྱི་ཞིབ་ཕྲའི་ལས་དོན་ཐད་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་བདེ་འཇགས་ཐོན་སྐྱེད་ནི་དོན་ཆུང་མིན་པས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཀྱི་རྩ་བ་དེ་དམ་པོར་བཟུང་ནས། ཁོངས་གཏོགས་ཁུལ་གྱི་འགན་འཁྲི་དང་། སྡེ་ཚན་གྱི་ལྟ་སྐུལ་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་བཅས་དོན་འཁྱོལ་ནན་པོ་བྱས་ཏེ། བདེ་འཇགས་ལས་འཛོལ་ཚབས་ཆེན་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་སྲུང་བྱེད་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ། གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་སྒྱུར་བཀོད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། ས་མཐོའི་འབྱུང་འཕྲོད་རིག་ནུས་གཏེར་རིའི་དཔེ་སྟོན་དཔེ་མཚོན་བསྐྲུན་དགོས། རྒྱལ་ལམ་317བརྒྱུད་ཀྱི་ལེགས་ཆར་གཞི་ཚུགས་ནས། གཏེར་ཁུལ་ཉེ་འཁོར་གྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ། ལས་བཟོ་དང་མང་ཚོགས་ཀྱི་འཚོ་བར་ཞབས་འདེགས་ཞུ་རྒྱུར་ཆ་རྐྱེན་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།

ཡེར་པ་ཐང་ཆུ་གློག་ཁང་ནི་རྒྱལ་ཁབ་ཀྱི“ནུབ་གློག་ཤར་འདྲེན”གྱི་རྒྱུན་མཐུད་རྟེན་གཞི་དང་ལྷོ་ནུབ་ཆུ་གློག་ཁང་གི་རྟེན་གཞི་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ཀྲང་ལི་ཡིས་ས་གནས་ས་ཐོག་ཏུ་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་གནང་ནས། མཉམ་སྐྲུན་མཉམ་སྤྱོད་དང་མཉམ་དུ་འཕེལ་རྒྱས་ཀྱི་ལས་ཀའི་ལམ་སྲོལ་ལ་གྲོས་སྡུར་གནང་བ་རེད། ཁོང་གིས་ཆབ་མདོ་ཡིས་རྒྱལ་ཁབ་ཀྱི“ཐཱན་གཉིས”ཀྱི་འཐབ་ཇུས་དང་བོད་ཀྱི“རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”ཀྱི་བཀོད་སྒྲིག་ལ་དམ་པོར་གཞིགས་ནས། ནུས་རྒྱུ་གཙང་མ་དེ“ལོ་ལྔ་ཚན་བཅོ་ལྔ་པའི”གཙོ་ཁྲིད་ཐོན་ལས་ནང་བཅུག་སྟེ་སྐུལ་འདེད་ཧུར་ཐག་བཏང་བ་དང་། ས་གནས་དང་ཁེ་ལས་ཕྱོགས་གཉིས་པོས་ཐུན་མོང་གི་འགན་འཁྲི་འཁུར་བཞིན་ཡོད། “རི་གཉིས”ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཆུ་བོ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཇུས་འགོད་དང་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་དང་། སྐྱེ་ཁམས་བཅོས་སྐྱོང་མཐོར་གཏོང་། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་བཅས་ལ་སྤྱི་འདོམས་བྱས་ཏེ། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ལེགས་གཏོང་། སྐྱེ་ཁམས་མཐོར་གཏོང་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་བྱས་ཏེ། འབྲི་ཆུ་ནམ་ཡང་གནས་པ་དང་ཆུ་མོ་དྭངས་གཙང་ཡོང་བ་བྱེད་དགོས། སྤུས་ཚད་སྔོན་དུ་འཇོག་པ་དང་བདེ་འཇགས་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས། བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་དེ་རྣམ་གྲངས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ། ལས་གཞི་འཛུགས་སྐྲུན་གྱི་ཚད་གཞི་དང་ཚད་མཐུན་དོན་འཁྱོལ་ནན་པོ་བྱས་ནས་སྤུས་ལེགས་ལས་གཞི་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།

ལས་གཞི་གལ་ཆེན་གྱི་ཨར་བསྐྲུན་བྱ་ཡུལ་དུ་བྲེལ་བ་ཆེན་པོ་ཡོད་པ་དང་བཟོ་པ་ཚོས་བྲེལ་འཚུབ་དང་གོ་རིམ་ལྡན་པའི་སྒོ་ནས་ལས་ཀ་བྱེད་ཀྱི་ཡོད། ཀྲང་ལི་ཡིས་འགྲོ་ཞོར་ལྟ་ཞོར་དུ་ཨར་ལས་ཀྱི་འཕེལ་རིམ་དང་ས་གནས་ས་ཐོག་གི་དོ་དམ་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས། ལས་གཞི་གལ་ཆེན་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འབྲེལ་བ་ཡོད་པས།“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་ནས་ནུས་ཤུགས་ཡོད་རྒུས་ཞབས་ཞུ་འགན་སྲུང་ཡག་པོ་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་ལ་ཆ་རྐྱེན་བཟང་པོ་བསྐྲུན་ནས། དུས་རབས་ཀྱི་ལས་གཞི་དང་ལས་གཞི་གལ་ཆེན་འཛུགས་སྐྲུན་ཡག་པོ་བྱས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་དེར་མཉམ་འདྲེས་བྱེད་པའི་ནང་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

བརྟག་ཞིབ་བྱེད་རིང་། ཀྲང་ལི་ཡིས། རྣམ་གྲངས་ནི་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་ནས། རྣམ་གྲངས་འཛུགས་སྐྲུན་ལ་འགན་སྲུང་ཡག་པོ་བྱེད་པ་དང་། སེམས་ནུས་ཡོད་རྒུ་བཏོན་ནས་ཞབས་འདེགས་ཡག་པོ་བྱེད་ཅིང་། དཀའ་གནད་སེལ་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པས་སྤྱི་ཚོགས་ཀྱི་འགན་འཁྲི་ནན་ཏན་སྒྲུབ་པ་དང་། ལས་གཞིའི་རྣམ་གྲངས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྒྱ་ཆེའི་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ། མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་རྒྱུན་མཐུད་སྐུལ་ཁྲིད་བྱེད་པ་བཅས་ཀྱི་ཐོག་ནས་ས་གནས་དང་ཁེ་ལས་གཉིས་མཉམ་སྐྲུན་མཉམ་སྤྱོད་དང་མཉམ་དུ་འཕེལ་རྒྱས་ཡོང་བ་བྱེད་དགོས་པའི་ནན་གསུང་གནང་བ་རེད།

ཅཱ་ཤིན་ཡུས་དང་། པད་མ་བཀྲ་ཤིས། ཀའོ་ཅན་ཁང་བཅས་ཁག་སོ་སོར་བརྟག་ཞིབ་ནང་ཞུགས་པ་རེད།