国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年10月02日

ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ77འཁོར་བར་རྟེན་འབྲེལ་ཞུ་བའི་རྒྱལ་དར་སྒྲེང་བའི་མཛད་སྒོ་གཉེར་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10ཚེས1ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་གྱིས་བཅིངས་འགྲོལ་ཐང་ཆེན་དུ་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི་མཛད་སྒོ་གཟབ་རྒྱས་གཉེར་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ77འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད། ཀྲང་ལི་དང་ཧོང་གོ་ཅན། ཆིས་དབྱིན་ཧའེ། ཁྲེང་ཀང་། གྱ་ཤིན་ཡུས། ཤེར་ཝུན་ཀོང་། ཝུའུ་ཅན། ཝང་ཧྲི་གཡུས། ཅིན་རིན་ཧུས་སོགས་གྲོང་ཁྱེར་གྱི་འགོ་ཁྲིད་རྣམས་དང་། རང་རེའི་གྲོང་ཁྱེར་གྱི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་འཐུས་མི་རྣམས་ལྷན་དུ་འཛོམས་ནས་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པ་རེད། (པར་ངོས་བཞི་པར་གཟིགས)

སྔ་དྲོའི་ཆུ་ཚོད10པའི་ཐོག་མཛད་སྒོ་དངོས་སུ་འགོ་ཚུགས་པ་རེད། གཟི་བྱིན་དཔལ་དུ་འབར་བའི་རྒྱལ་དར་སྲུང་དམག་རྣམས་གོམ་སྟབས་བརླིང་ལ་བརྗིད་པ་མདུན་ཕྱོགས་སུ་བསྲིངས་ཤིང་སྐར་ལྔའི་དར་དམར་གཅེས་པར་འཛིན་ནས་རྒྱལ་དར་སྒྲེང་སྟེགས་སུ་བསྐྱལ་བ་དང་། རྔམ་ཟིལ་རབ་ཏུ་རྒྱས་པའི《འོས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཐང་ཆེན་གྱི་ཕྱོགས་ཀུན་ལ་ལྷང་ལྷང་གྲག་ཅིང་དམར་ལྷབ་ལྷབ་ཀྱི་སྐར་ལྔའི་དར་དམར་ཞོགས་པའི་ཉི་གཞོན་དང་བསྡོངས་ནས་ལྷང་ངེར་དགུང་དུ་གཡོ་ཞིང་། དེར་འདུས་སྐྱེ་བོ་ཚང་མ་ངག་བསྡམས་ནས་མིག་ཟུང་རྒྱལ་དར་ལ་ཅེར་ཏེ་རྒྱལ་གླུ་མཉམ་ལེན་གྱིས་རླབས་ཆེན་མེས་རྒྱལ་ལ་བཅངས་པའི་ཚད་མེད་ཀྱི་དགའ་ཞེན་དང་དགེ་ལེགས་ཀྱི་སྨོན་བཟང་བརྗོད་ཡོད།

ཝེས་དབང་ནེང་གིས་རྒྱལ་དར་སྒྲེང་བའི་མཛད་སྒོར་གཙོ་སྐྱོང་གནང་བ་དང་། ཁོང་གིས་བསྟན་དོན། བོད་ཀྱི་ལོ་རྒྱུས་ཐོག་སྐར་ལྔའི་དར་དམར་ཐོག་མ་དེ་ཆབ་མདོར་བསྒྲེངས་པ་རེད། དུས་དེ་ནས་བཟུང་། སྐར་ལྔའི་དར་དམར་གྱི་ལམ་སྟོན་འོག་ནས་བོད་ཤར་གྱི་བུ་ཕྲུག་ཚང་མ་དཀའ་སྡུག་གི་འགག་འཕྲང་ལས་ཐར་ཏེ་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་ཡོད། ཆབ་མདོའི་མི་རིགས་ཁག་གི་བུ་ཕྲུག་ཐམས་ཅད་དུས་དང་རྣམ་པ་ཀུན་ཏུ་མེས་རྒྱལ་དང་དབུགས་མཉམ་གཏོང་། ལས་དབང་གཅིག་མཐུན། གཅིག་སེམས་གཅིག་བརྟེན་ཡིན་པས་བོད་ཤར་འཛིན་མའི་ཁྱོན་ལ་འཕོ་འགྱུར་སྔར་ན་མེད་པ་བྱུང་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས་དོན་ཆེན་བཞིར་དམིགས་པ་དང་འཛུགས་གཏོད་བཞིར་ཤུགས་བརྒྱབ་སྟེ། ཆབ་མདོ་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་བཀོད་སྒྲིག་ལྟར། “འགྱུར་གསུམ”གྱི་སྤྱིའི་ངེས་གནས་ལ་དམིགས་ཤིང“མདུན་གྲལ་དུ་བསླེབས་པ་བཞིར”སྐུལ་སྤེལ་དང“ལྔ་གཏོད་ཆབ་མདོ”མངོན་འགྱུར་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པའི་ངོ་མཚར་གྱི་ལེའུ་མཉམ་དུ་རྩོམ་དགོས།

རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་མཁན་ད་དུང་གྲོང་ཨུད་དང་མི་དམངས་འཐུས་འཚོགས། སྲིད་གཞུང་། སྲིད་གྲོས། ཆབ་མདོའི་ཡན་ལག་དམག་ཁུལ། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་། གྲོང་ཁྱེར་ཞིབ་དཔྱོད་ཁང་། གྲོང་ཁྱེར་རིམ་པའི་འགོ་ཁྲིད་སོགས་དང་། ཆབ་མདོ་གྲོང་ཁྱེར་ཏང་སྲིད་དམག་གསུམ་དང་མི་དམངས་ཉེན་རྟོག་པ། རིགས་ཁག་གི་འཐུས་མི་སོགས་ཡོད་པ་རེད།