འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9ཚེས28ཉིན། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་གྲོས་ཆོད་དང་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཁོངས་མིའི་མཚན་ཐོ་ལ་བརྡས་ཐག་བཅད་པ་དང་། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། དྲུང་ཡིག་ཆེན་མོ། ཨུ་ཡོན་བཅས་འདེམས་བསྐོ་གནང་བ་དང་། ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་སྤྱི་དང་གྲོང་སྤྱི་གཞོན་པ། ཆབ་མདོ་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་བཅས་འདེམས་བསྐོ་གནང་བ་རེད།
ཐེངས་འདིའི་ཚོགས་ཆེན་ཐོག་ཕེབས་དགོས་པའི་འཐུས་མི258ཡོད་པ་ལས་དངོས་སུ་མི240ཕེབས་ཡོད་པས་ཁྲིམས་བཀོད་ཀྱི་མི་གྲངས་དང་མཐུན་ཡོད།
ཚོགས་འདུ་ནི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀྲང་ལི་ཡིས་གཙོ་སྐྱོང་གནང་བ་རེད།
ལའོ་ཆིན་འུའུ་དང་། ཆིས་ཡན་ཧུའེ། ཐང་ཧའོ། ཅཱ་ཤིན་ཡུས། ཝེས་དབང་ནེང་། ཝུའུ་ཅན། ཅིན་རེན་ཧུས། ཁྲང་ཧུང་ཆང་སོགས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་པ་དང་། ལི་ཧྲུའུ་གོ་དང་། ཧོང་ཅན་གོ ཉི་མ་ཚེ་རིང་། ཁྲེང་ཀང་། ཤེར་ཝུན་ཀོང་། ཝང་ཧྲི་ཡུས། པད་མ་བཀྲ་ཤིས་དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་དག་དང་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་རེད།
ཚོགས་ཆེན་ཐོག《ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་ཆོད》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་དང་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་། ཞིང་ལས་གྲོང་གསེབ་དང་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་། མི་རིགས་ཆོས་ལུགས་ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་བཅས་འཛུགས་རྒྱུའི་ཐག་ཆོད་པ་རེད།
ཚོགས་ཆེན་ཐོག《ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཁོངས་གཏོགས་འོས་མིའི་སྐོར་གྱི་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་བརྡས་ཐག་གཅོད་ཐབས》དང《ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་འོས་མིའི་མཚན་ཐོ》《ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་འདེམས་བསྐོ་བྱེད་ཐབས》《ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པའི་མཚན་ཐོ》 བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། སྤྱི་ཁྱབ་འདེམས་ཤོག་རྩི་མཁན་དང་འདེམས་ཤོག་རྩི་མཁན་གྱི་མཚན་ཐོ་ཁྱབ་བསྒྲགས་གནང་བ་རེད།
དེའི་རྗེས་ནས་འདེམས་བསྐོ་དངོས་སུ་འགོ་ཚུགས་པ་དང་། འཐུས་མི་ཚོས་འདེམས་ཤོག་གཟབ་ནན་གྱིས་བྲིས་ཚར་རྗེས་རིམ་པ་བཞིན་དམིགས་འཛུགས་ཀྱི་འདེམས་ཤོག་བླུག་སྒམ་ནང་འཕེན་པ་དང་། འདེམས་ཤོག་འཕེན་ཚར་རྗེས་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པས་འདེམས་ཤོག་གི་སྒམ་ཁ་ཕྱེ་སྟེ། འདེམས་ཤོག་རེ་རེ་བཞིན་བླངས་པ་དང་འདེམས་ཤོག་རྩི་མཁན་གྱིས་གཟབ་ནན་ཞིབ་ཚགས་ཀྱིས་རྩིས་བརྒྱབ་པ་རེད། དེ་ནས་འདེམས་ཤོག་གི་བསྡོམས་རྩིས་ལ་གཞིགས་ནས་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀྲང་ལི་ཡིས་འདེམས་བསྐོ་གོ་ཆོད་ནུས་ལྡན་བྱུང་བའི་ཁྱབ་བསྒྲགས་གནང་བ་རེད།
ཆིས་དབྱིན་ཧའེ་ནི་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས་པ་དང་། སྒྲོལ་དཀར་དང་། བསོད་ནམས་དར་རྒྱས། ཅང་ཅན་ཕིང་། ཡེ་ཤེས་ཆོས་འཕེལ། བློ་བཟང་རྒྱལ་མཚན། མའོ་ཀང་། ཝང་ཀྲེན་ཐའོ། ཀྲང་ཅིན་ཧྥུང་སོགས་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བདམས་ཡོད། མའོ་ཀང་ནི་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་བདམས་པ་དང་། ཝང་ཝེས་སོགས་བློ་མཐུན41ཙམ་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས་པ་རེད།
ལོའུ་ཆིན་ཝུའུ་ནི་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་སྤྱིར་བདམས་པ་དང་། ཁྲེང་ཀང་དང་། ཕུའུ་གཡུ་ཧུས། ཉི་མ་ཚེ་རིང་། མིག་ཚེ། ཐོགས་མེད་ཤེས་རབ། ཡཱང་ཝུན་ཧྲེང་། ཀབ་ཞའོ་ཏུང་། སྒྲོལ་མ་ཆོས་སྐྱིད། ཀང་ཡུས་སོགས་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་སྤྱི་གཞོན་པར་བདམས་པ་རེད། ཝང་ཧྲི་གཡུས་ཆབ་མདོ་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས་པ་དང་། ཡཱང་ཡན་ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དུ་བདམས་པ།
ཡཱང་ལི་ཧྥུང་ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དུ་བདམས་ནས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་བརྒྱུད་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཕུལ་ནས་ཆོག་མཆན་གནང་དགོས་པ་རེད།
《རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》དང《བོད་རང་སྐྱོང་ལྗོངས་ཀྱི་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་ལག་བསྟར་བྱ་ཐབས》གཞིར་བཟུང་། གསར་དུ་བདམས་ཐོན་བྱུང་བའི་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། དྲུང་ཡིག་ཆེན་མོ། ཨུ་ཡོན་བཅས་དང་། ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་སྤྱི་དང་གྲོང་སྤྱི་གཞོན་པ། ཆབ་མདོ་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་སོགས་ཀྱིས་རྩ་ཁྲིམས་ལ་དམ་བཅའ་བཞག་པ་རེད།

