国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年09月29日

ཆབ་མདོ་གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

ཆབ་མདོ་གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་27ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་གསན་པ་རེད།

ཚོགས་འདུར་ཞུགས་དགོས་པའི་འཐུས་མི་258ཡོད་པ་དང་དངོས་སུ་ཞུགས་མཁན་འཐུས་མི་240ཡོད་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།

ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ལག་བསྟར་ཀྲུའུ་ཞི་ལིས་ཧྲུའུ་གོ་དང་། ཧོང་གོ་ཅན། ཁྲེན་ཀང་། གཤེ་ཝུན་ཀོང་། ཝང་ཧྲི་ཡུས། པད་མ་བཀྲ་ཤིས། ཝང་ཚེ་འཕེལ། ཀའོ་ཅན་ཁང་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད།

ཀྲང་ལི་དང་། ལའོ་ཆིན་འུའུ། ཐང་ཧའོ། ཆིས་དབྱིན་ཧའེ། ཉི་མ་ཚེ་རིང་།ཅཱ་ཤིན་ཡུས། གཤེ་ཝུན་ཀོང་། ཝུའེ་དབན་ནེང་། ཝུའུ་ཅན། ཅིན་རེན་ཧུའེ། བསོད་ནམས་དར་རྒྱས། ཡེ་ཤེས་ཆོས་འཕེལ། བློ་བཟང་རྒྱལ་མཚན། ཕུའུ་ཡུས་ཧུའེ། ཉི་མ་ཚེ་རིང་། མིག་ཚེ། ཐོགས་མེད་ཤེས་རབ། ཡང་ཝུན་ཧྲེང་། སྒྲོལ་མ་ཆོས་སྐྱིད། སུའེ་ཁྲེན་ཡུས། ཚེ་རིང་། ཡང་ཡན། ཇང་ཅེ་ཕིང་། ཡང་ལིས་ཧྥུང་བཅས་དང་དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་དག་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་སྒྲོལ་དཀར་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཆིས་དབྱིན་ཧའེ་ཡིས་ཚོགས་ཆེན་ལ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ་རེད། ཁོང་གིས་སྐབས་གཉིས་པ་ནས་བཟུང་གྲོང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཉི་ཤུ་པ་དེ་བཞིན་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་གྱིས་རྒྱུན་འཁྱོངས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་ཁྲིམས་འཛུགས་དང་། ལྟ་སྐུལ། ཐག་གཅོད། བསྐོ་འཐེན་བཅས་ཀྱི་དབང་ཆ་ལག་བསྟར་ནན་ཏན་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་ཤུགས་ཆེན་བཏང་བ། གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་རིམ་བྱུང་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་དམངས་གཙོ་དང་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད་ཅེས་གསུངས།

ཆིས་དབྱིན་ཧའེ་ཡིས་གྲུབ་འབྲས་དེ་ལྟར་ཐོབ་པའི་རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱས་པའི་འབྲས་བུ་དང་། གྲོང་ཨུད་ཀྱིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་ཡིན་ལ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཛུབ་ཁྲིད་ཞིབ་ཚགས་གནང་བའི་འབྲས་བུ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་ཁོངས་མི། ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་ཁོངས་མི་དེ་བཞིན་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བཅས་ཀྱིས་དཀའ་ངལ་ཁྱད་བསད་ཀྱིས་ལས་དོན་བསྒྲུབས་པའི་འབྲས་བུ།“སྲིད་གཞུང་གཅིག་དང་། ཨུ་ལྷན་གཅིག ཁང་གཉིས”ཅས་ཀྱིས་གཞོགས་འདེགས་དམ་ཟབ་བྱས་པའི་འབྲས་བུ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་བཅས་ཀྱང་རེད་ཅེས་བསྟན།

ཆིས་དབྱིན་ཧའེ་ཡིས་སྙན་སྒྲོན་ནང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་བཀོད་སྒྲིག་ལྟར།“གཏོད་དགོས་པ་གསུམ”གྱི་སྤྱིའི་གནས་བབ་གཞི་རྩ་བཟུང་བ་དང་།“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བ།“ལྔ་ལྡན་ཆབ་མདོ”གཏོད་དེ། ཐོག་མཐའ་བར་གསུམ་དུ་ཚུགས་གནས་དེ་བས་མཐོ་བའི་ཐོག་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། བྱ་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་ཁྲིམས་བཟང་སྐྱོང་མཁས་ལ་སྐུལ་འདེད། འགན་འཁྲི་དེ་བས་ཆེ་བའི་ཐོག་ནས་ལྟ་སྐུལ་གྱི་འགན་འཁྲི་འཁུར་བ། དེ་བས་ལེགས་པའི་ཞབས་ཞུར་བརྟེན་ནས་འཐུས་མིའི་འགན་འཁྲི་སྒྲུབ་རྒྱུ་འགན་ལེན། དེ་བས་ནན་པའི་ཚད་གཞིར་བརྟེན་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུར་དམངས་གཙོ་དང་ཁྲིམས་སྐྱོང་གི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཡང་ཡན་གྱིས་སྙན་སྒྲོན་ནང་ཕྱོགས་དྲུག་གི་ཐད་ནས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་ལ་ཕྱིར་དྲན་གནང་ཞིང་། ཁོང་གིས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲོང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ནུས་ལྡན་བཅས་ཀྱི་འོག གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་རིམ་བྱུང་གི་གྲོས་ཆོད་དོན་འཁྱོལ་ནན་ཏན་བྱས་ཏེ། “དོན་ཆེན་བཞིར”དམ་པོར་དམིགས་པ་དང་།“འཛུགས་གཏོད་བཞིར”ཤུགས་རྒྱག་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་པ་བཅས་བྱས་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་ཆེད་ཁྲིམས་འཛིན་ཞབས་ཞུ་དང་འགན་སྲུང་ནུས་ལྡན་མཁོ་འདོན་བྱས་ཡོད་ཅེས་གསུངས།

གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཚབ་ཅན་ཁྲ་ཀྲང་ཡང་ལིས་ཧྥུང་གིས་སྙན་སྒྲོན་ནང་། ཕྱོགས་ལྔའི་ཐད་ནས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་ལ་ཕྱིར་དྲན་གནང་ཞིང་། ཁོང་གིས་གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་གྲོང་ཨུད་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཡང་དག་འགོ་ཁྲིད་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ནུས་ལྡན་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་དང་དེ་བཞིན་གྲོང་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་གཙོ་དོན་དུ་བཟུང་བ། “དོན་ཆེན་བཞིར”དམ་པོར་དམིགས་པ་དང་།“འཛུགས་གཏོད་བཞིར”ཤུགས་རྒྱག་པ། “གཏོད་དགོས་པ་གསུམ”གྱི་སྤྱིའི་གནས་བབ་གཞི་རྩ་བཟུང་ཏེ། རང་རྟོགས་ངང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ། ཁྲིམས་སྐྱོང་ཆེད་དུ་འགན་འཁྲི་འཁུར་བ་བཅས་བྱས་པས་ཞིབ་དཔྱོད་ལས་དོན་ཁག་ལེགས་ཕྱོགས་སུ་འཕེལ་ནས་ཞིབ་དཔྱོད་བྱ་གཞག་ལ་གོམ་སྟབས་བརྟན་པོ་སྤོས་ཐུབ་པ་བྱུང་ཡོད་ཅེས་གསུངས།