国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年09月29日

ཀྲང་ལི་གྲོང་ཁྱེར་སྲིད་གྲོས་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ལ་ཞུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་26 ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་གྲོང་ཁྱེར་སྲིད་གྲོས་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཆོས་ལུགས་ལས་རིགས་དང་གྲངས་ཉུང་མི་རིགས་ལས་རིགས་ཀྱི་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ལ་ཞུགས་པ་རེད།

གྲོས་བསྡུར་གནང་རིང་། ཨུ་ཡོན་རྣམས་ཀྱིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས། རིག་དངོས་གསོན་འགྱུར་བེད་སྤྱོད་སོགས་ལ་དམིགས་ཏེ་ཐབས་འདོན་ཇུས་འབུལ་གནང་བ་རེད། ཀྲང་ལི་ཡིས་གཏམ་བཤད་ནན་ཏན་ངང་གསན་ནས་ཟིན་བྲིས་བཀོད་གནང་བ་དང་། ཚང་མ་དང་སྤེལ་རེས་དང་མཉམ་འགུལ་ཡང་ཡང་གནང་བ་མ་ཟད། འབྲེལ་ཡོད་ལས་དོན་བཀོད་སྒྲིག་དང་ཟུང་འབྲེལ་གྱིས་ལན་ཡང་བསྐྱོན་གནང་བ་རེད། ཁོང་གིས་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་འཚོགས་པའི་ཚུན་དུ། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་མཐུན་སྒྲིལ་དང་དམངས་གཙོ་ཡི་བརྗོད་གཞི་ཆེན་པོ་གཉིས་ལ་དམ་པོར་དམིགས་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་། སྐྱེ་ཁམས་སྲུང་ཡོལ་བརྟན་གཏོང་སོགས་ཀྱི་ཐད་ལས་དོན་འབོར་ཆེན་སྒྲུབ་ཏེ་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། གྲོལ་མ་ཐག་པའི་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཐོག་ཆབ་མདོའི་འབྱུང་འགྱུར་གྱི་ལོ་ལྔའི་རིང་གི་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་བཀོད་ཡོད་པས་ཨུ་ཡོན་ཚང་མས་བསམ་བློ་དང་བྱ་སྤྱོད་ཏང་གི་འཐུས་མི་ཚོགས་ཆེན་གྱི་ལས་དོན་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། ཏང་གི་འགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་ནུས་ལྡན་ཡོང་བ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་རྩོམ་ཆེད་མི་སེམས་གཅིག་སྒྲིལ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། བློ་གྲོས་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

ཀྲང་ལི་ཡིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བླ་སྲོག་བསྐྲུན་པ་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ།“འདུ་ཤེས་བཞི”ཟབ་ཏུ་གཏོང་བ།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ། ཏང་གི་འགོ་ཁྲིད་སྲིད་གྲོས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་ཁྱབ་པར་མཐའ་འཁྱོངས་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་ལས་དོན་མཐའ་དག་ཏང་གི་འགོ་ཁྲིད་གནས་བབ་དང་སྲིད་སྐྱོང་གནས་བབ་ལ་མཐའ་འཁྱོངས་དང་སྲ་བརྟན་དུ་གཏོང་རྒྱུར་ཕན་པ་བྱེད་དགོས། ཕྱར་བ་གྲུ་འདེགས་ཀྱིས་སྤྱི་ཚོགས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་དགོས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བའི་བཅའ་ཁྲིམས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱས་ཏེ་ཁ་ཕྲལ་དང་གཏོར་བཤིག་གི་བྱ་སྤྱོད་མཐའ་དག་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ་དང་། ཆོས་ལུགས་ལམ་ལྷོངས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་མཁན་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་པ། ཁྲིམས་ཤེས་ཁྲིམས་སྲུང་གི་ལག་ལེན་པ་ཞིག་ཧུར་ཐག་བྱེད་དགོས།བློ་གྲོས་དང་སྟོབས་ཤུགས་བཏོན་ནས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས་ཤིང་། སྲིད་གྲོས་ཨུ་ཡོན་གྱིས་འཕེལ་རྒྱས་སྲིད་ཇུས་ཀྱི་དྲིལ་བསྒྲགས་པ་དང་། གཞི་རིམ་མང་ཚོགས་ལ་འབྲེལ་གཏུག་བྱེད་མཁན་ཞིག་བྱས་ཏེ། དམངས་ཀྱི་རེ་འདུན་ལ་ཉན་པ་དང་གོང་ཞུ་བྱས་ནས་ཏང་དང་སྲིད་གཞུང་གིས་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པར་རོགས་རམ་བྱེད་དགོས། ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་གྱིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་རྟོགས་པ་མཐོ་བ། ཀུན་སྤྱོད་ཐད་ཚང་མས་ཁས་ལེན་པ། འགག་རྩའི་སྐབས་ནུས་པ་ཐོན་པའི་དཔེ་སྟོན་པ་ཞིག་བྱེད་དགོས། འགན་ནུས་སྒྲུབ་པའི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཤིང་། སྲིད་གྲོས་ཨུ་ཡོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་ཁོང་དུ་ཆུད་པ་དང་། ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་འཆར་འགོད་ཁོང་དུ་ཆུད་པ། སྲིད་གྲོས་ཀྱི་འགན་ནུས་སྒྲུབ་སྟངས་དང་བྱེད་ཐབས་ལ་རྒྱུས་མངའ་ཡོད་པ་བཅས་བྱས་ཏེ། རང་འགུལ་ངང་སེམས་ཤུགས་གཅིག་སྒྲིལ་དང་། ཇུས་གཅོད་བློ་འདྲི། དམངས་གཙོ་གྲོས་མོལ། སྤྱི་ཚོགས་བཅོས་སྐྱོང་བཅས་ཀྱི་འཐབ་ཕྱོགས་དང་པོར་ཞུགས་ནས་གྲོས་མོལ་སྲིད་གླེང་གི་སྤུས་ཚད་དང་ཕན་འབྲས། ལྟ་སྐུལ་ཆུ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད།

ཀྲང་ལི་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་མཐོང་ཆེན་དང་ཐུགས་ཁུར་བྱས་ཏེ་ཨུ་ཡོན་གྱི་དམངས་གཙོའི་ཁེ་དབང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པ་དང་། སྲིད་གྲོས་རྩ་འཛུགས་ཀྱིས་ཞབས་ཞུ་དང་དོ་དམ་ཡག་པོ་བྱེད་པར་རྒྱབ་སྐྱོར་བྱས་ཏེ་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་རྒྱུར་ཆ་རྐྱེན་བཟང་པོ་བཟོས་ཏེ་མི་དམངས་སྲིད་གྲོས་དེ་ཨུ་ཡོན་གྱི་ཁྱིམ་ཚང་དང་། དམངས་གཙོའི་ཁྱིམ་ཚང་། མཐུན་སྒྲིལ་གྱི་ཁྱིམ་ཚང་བཅས་སུ་དངོས་སུ་བསྐྲུན་ནས་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།