འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9ཚེས27ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་རི་བོ་ཆེ་རྫོང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད།
གྲོས་ཞིབ་སྐབས་སུ། འཐུས་མི་རྣམ་པས་གང་བསམ་ལྷུག་གླེང་དང་གྲོས་བསྡུར་འཁྲུག་པོ་གནང་བ་རེད། ཀྲང་ལི་ཡིས་གསན་བཞེས་གཟབ་ནན་ཞུས་ནས་ཚང་མ་དང་ལྷན་དུ་འབྲེལ་ཡོད་གནད་དོན་ཐད་བགྲོ་གླེང་གནང་བ་དང་། ཚང་མས་གཟི་བརྗིད་གཅེས་འཛིན་དང་རེ་བཅོལ་ཁུར་ལེན་གྱིས་རང་ཉིད་ནས་འགོ་བརྩམས་ཏེ་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་དགོངས་དོན་དང་ཚོགས་འདུ་གཉིས་ཀྱི་དགོངས་དོན་དོན་ཐོག་གནད་སྨིན་བགྱིས་ཏེ། ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ཐུགས་རེ་ཞུས་ཡོད།
ཀྲང་ལི་ཡིས་རི་བོ་ཆེ་རྫོང་ནི་ཆབ་མདོའི་ཤར་གྱི་སྒོ་ཆེན་ལྟ་བུ་ཡིན་པས། གྲོང་ཁྱེར་ཡོངས་འཕེལ་རྒྱས་ཀྱི་ཇུས་ཆེན་ཁྲོད་གནས་བབ་འགངས་ཆེ་ལ་འགན་འཁྲི་ལྗིད་ཆེ་བས། ངེས་པར་དུ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོར་བསྐྱེད་པ་དང་ལག་ལེན་བསྟར་དགོས་ལ། གྲོང་ཁྱེར་གོང་འོག་ཐམས་ཅད་བསམ་ཇུས་གཅིག་ཏུ་འབབ་པ་མཐའ་འཁྱོངས་དང་།“ལྔ་ལྡན་ཆབ་མདོ”ཞེས་པ་གཏོད་རྒྱུར་དམིགས་ནས་དངོས་འཛིན་དངོས་སྒྲུབ་དང་འགན་འཁྲི་ཁུར་བཞེས་ཀྱིས་ཡུལ་ཕྱོགས་གཅིག་ལ་ཕན་དགོས་ཤིང་ཁྱོན་ཡོངས་ལའང་ཕན་འདོགས་དགོས་ཅེས་བསྟན།
ཀྲང་ལི་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཐའ་སྐྱེལ་བརྟན་འཁྱོལ་གྱིས་བློ་སྒྲིལ་སེམས་བསྐྱེད་དང་། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་འབྱོངས་དང་། འདུ་ཤེས་བཞི་ཆེར་སྐྱེད་དང་གདེང་ཚོད་བཞི་བརྟན་གཏོང་། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། གཞུང་ལུགས་ཐད་ཀྱི་རིག་པ་དྭངས་གསལ་ཐོག་ནས་ཆབ་སྲིད་ཐད་ཀྱི་བློ་རྩ་བརྟན་པར་བྱ་དགོས། སྤྱིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ལས་ཀའི་གཙོ་རྐང་དུ་འཛིན་ནས། ཁ་ཕྲལ་ངོ་རྒོལ་གྱི་འཐབ་རྩོད་རྒྱུན་མཐུད་སྤེལ་བ་དང་། འགལ་ཟླ་རྩོད་གཞིར་རྩད་གཅོད་དང་ཞིབ་བཤེར། འདུམ་སེལ་དང་སྟངས་འཛིན་བཅས་རྒྱ་ཆེར་ཟབ་སྤེལ་གྱིས“མི་ཐོན་པ་རིགས་ལྔའི”མཐའ་ཚད་མཐའ་གཅིག་ཏུ་བསྲུང་དགོས། འཕེལ་རྒྱས་ཀྱི་དཔེ་རྣམ་གསར་པར་འཕྲོད་པའི་ངེས་གནས་ཚད་གཞི་མ་ནོར་བར་བཙལ་ཏེ། ཁྱད་ལྡན་གྱི་ཞིང་འབྲོག་ལས་ཡུག་གཅིག་ཏུ་སྦྲེལ་བར་སྐུལ་སྤེལ་དང་། འབྱུང་འཕྲོད་གཏེར་ལས་རྒྱ་སྟོབས་ཆེ་རུ་བཏང་ནས། གྲོང་ཚོ་རིམ་པའི་འགྲན་སྡུར་ལ་བརྟེན་ནས་རིག་གནས་ཡུལ་སྐོར་གྱི་ཐོན་ལས་ལ་མཐུན་རྐྱེན་བསྐྲུན་དགོས་པ་དང་། དམངས་འཚོའི་ལས་དོན་ཏན་ཏིག་ལེགས་སྒྲུབ་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་།སྐྱིད་སྣང་། བདེ་སྣང་བཅས་གོང་ནས་གོང་དུ་འཕེལ་བར་བྱ་དགོས། སྤྱིར་ལྟོ་གོས་ལ་ཇུས་གཏོགས་དང་སྒོས་སུ་བསམ་བློ་ལ་ཇུས་གཏོགས་བྱེད་པའི་ཕུགས་ཕན་ལམ་སྲོལ་འཐུས་ཚང་བཟོས་ནས། ཤེས་དཔལ་སྐྱེད་སྲིང་དང་ཤེས་དཔལ་ལག་ལེན། ཤེས་དཔལ་འཛུགས་གཏོད་བཅས་གཞི་གཅིག་ཏུ་སྐུལ་སྤེལ་བཏང་སྟེ། རིག་གནས་དམངས་ཕན་གྱི་ལས་གཞི་ལག་ལེན་ཟབ་བསྟར་དང་། མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་སྐོར་གྱི་གཏམ་རྒྱུད་ལེགས་པར་བཤད་དགོས། རི་བོ་གཉིས་ཀྱི་དགོངས་གཞི་ལག་ལེན་ཟབ་བསྟར་གྱིས་རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་མ་བཅས་ལ་གཞི་གཅིག་ཏུ་སྲུང་སྐྱོབ་དང་ཆ་ཚང་བར་བཅོས་སྐྱོང་བྱས་ཏེ། སྐྱེ་ཁམས་ཀྱི་རྣམ་པ་དཔལ་འབྱོར་གྱི་རིན་ཐང་ལ་བསྒྱུར་ནས། མང་ཚོགས་ཐམས་ཅད་ཕྱུག་འགྱུར་གྱི་ལམ་བཟང་ལ་བསྙེགས་ཤིང་སྐྱེ་ཁམས་ཀྱི་ཟས་བཟའ་རྒྱུ་ཡོད་པར་བྱ་དགོས་པའི་ནན་བཤད་གནང་ཡོད།

