ཉི་མ་ཚེ་རིང་གིས་ལས་དོན་སྙན་སྒྲོན་གནང་བ། ཚེ་རིང་གིས་གྲོས་གཞིའི་ལས་དོན་སྙན་སྒྲོན་གནང་བ། ཝུའེ་དབན་ནེང་གིས་གཙོ་སྐྱོང་ཞུས་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9ཚེས25ཉིན་གྱི་སྔ་དྲོ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོ་ཆབ་མདོར་འཚོགས་པ་རེད། ཚོགས་འདུའི་རིང་། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་ནས་ཕེབས་པའི་སྲིད་གྲོས་ཨུ་ཡོན་ཚོས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་བ་དང་འགན་འཁྲི་སྒྲུབ་སེམས་ཆེན་པོར་བརྟེན་ནས། ཚང་མའི་བློ་གྲོས་གཅིག་ཏུ་བསྡུ་བ་དང་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ཆབ་མདོའི་ལེའུ་སྐྲུན་ཆེད་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱ་རྒྱུ་རེད།
ཀྲང་ལི་དང་། རྫོང་ལོ་བྱམས་པ་མཁས་གྲུབ། ལའོ་ཆིན་འུའུ། ཐང་ཧའོ། ལི་ཧྲུའུ་གོ ཧོང་གོ་ཅན། ཆིས་དབྱིང་ཧའེ། ཁྲེན་ཀང་། ཅཱ་ཤིན་ཡུས། ཤུའེ་ཝུན་ཀོང་། ཝུའུ་ཅན། ཝང་ཧྲི་ཡུས། ཅིན་རེན་ཧུའེ། པད་མ་བཀྲ་ཤིས་སོགས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
ཉི་མ་ཚེ་རིང་། ཝུའེ་དབན་ནེང་། ཚེ་རིང་། ཁང་ཤིས་རུང་། ཝང་ཚེ་འཕེལ། ཁྲང་ཧུང་ཆང་། པ་སངས་ཚེ་རིང་། ལིས་ཅན། བཀྲ་ཤིས་དོན་གྲུབ། ཀའོ་ཅན་ཁང་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པ་དང་། ཝུའེ་དབན་ནེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཆབ་མདོ་གྲོང་ཁྱེར་སྲིད་གྲོས་སྐབས་གསུམ་པའི་ཚོགས་འདུ་ཞུགས་དགོས་པའི་ཨུ་ཡོན261ཡོད་པ་ལས་དངོས་སུ་ཨུ་ཡོན248ཞུགས་ཡོད་པས《ཀྲུང་ཧྭ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག》གི་གཏན་འབེབས་དང་མཐུན་ཡོད།
སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་འགོ་ཚུགས་པ་རེད།
ཚོགས་ཆེན་གྱི་ལས་འགན་གཙོ་བོ་ནི། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རབ་དང་རིམ་པའི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་གྲོང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ཁག་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ། སྲིད་གྲོས་སྐབས་གཉིས་པའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་གསན་པ་དང་དེར་གྲོས་ཞིབ་གནང་རྒྱུ། སྲིད་གྲོས་སྐབས་གཉིས་པའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་གྱི་སྙན་སྒྲོན་གསན་པ་དང་དེར་གྲོས་ཞིབ་གནང་རྒྱུ། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཟུར་ཞུགས་གནང་རྒྱུ། གྲོང་ཁྱེར་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་དེ་བཞིན་འབྲེལ་ཡོད་སྙན་སྒྲོན་གཞན་དག་ལ་གསན་པ་དང་དེར་གྲོས་ཞིབ་གནང་རྒྱུ། སྲིད་གྲོས་སྐབས་གསུམ་པའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ། དྲུང་ཆེ་དང་རྒྱུན་ལས་ཨུ་ཡོན་བཅས་བདམས་ཐོན་གནང་རྒྱུ། སྲིད་གྲོས་སྐབས་གསུམ་པའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཆབ་སྲིད་ཀྱི་གྲོས་ཆོད་དང་སྲིད་གྲོས་སྐབས་གཉིས་པའི་ཆབ་མདོ་གྲོང་ཁྱེར་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་གནང་རྒྱུ་དེ་རེད།
ཉི་མ་ཚེ་རིང་གིས་སྲིད་གྲོས་སྐབས་གཉིས་པའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་བ་རེད།
སྙན་སྒྲོན་ནང་བསྟན་དོན། གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཚུན་དུ། གྲོང་ཁྱེར་སྲིད་གྲོས་དང་དེ་བཞིན་རྒྱུན་ལས་ཨུ་ལྷན་གྱིས་གྲོང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ནན་ཏན་མཛུབ་ཁྲིད་འོག ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་སུ་སོང་བ་དང་། ཨུ་ཡོན་ཡོངས་མཐུན་སྒྲིལ་དང་སྣེ་ཁྲིད་དེ་གྲོང་ཁྱེར་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་བའི་ནང་རང་འགུལ་ངང་འགན་འཁྲི་འཁུར་བ་དང་དངོས་སྒྲུབ་བརྩོན་ལེན་བཅས་བྱས་ཏེ། ཏང་དང་མི་དམངས། ཨུ་ཡོན་བཅས་ལ་ངོ་གནོང་མི་དགོས་པའི་འགན་འཁྲི་ཕྲག་སྒྲུབ་ཀྱི་རྒྱུགས་ལན་ཞིག་ཕུལ་ཡོད།
སྙན་སྒྲོན་ནང་ནན་བཤད་བྱས་དོན། སླད་ཕྱིན་གྱི་ལོ་ལྔ་ནི་ཆབ་མདོས“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་ཀྱི་ཕན་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། སྒོ་ཀུན་ནས“ལོ་ལྔ་ཚན་བཅོ་ལྔ་པའི”སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ནུས་ཤུགས་འདོན་པར་འགོ་ཚུགས་པའི་འགག་རྩའི་དུས་སྐབས་དང་།“གཏོད་དགོས་པ་གསུམ”གྱི་སྤྱིའི་ངེས་གནས་དོན་འཁྱོལ་བྱས་ཏེ། རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་འགན་འཁྲི་འཁུར་བ་དང་ལེགས་སྐྱེས་འབུལ་བའི་དུས་སྐབས་གལ་ཆེན་ཞིག་ཡིན་ལ། མི་དམངས་སྲིད་གྲོས་ཀྱིས་སྤུས་ཚད་མཐོ་པོའི་ངང་འགན་སྒྲུབ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལག་ལེན་བསྟར་བའི་དུས་སྐབས་གལ་ཆེན་ཞིག་ཀྱང་ཡིན། གྲོང་ཁྱེར་སྲིད་གྲོས་སྐབས་གསུམ་པ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ། མཐུན་སྒྲིལ་དང་དམངས་གཙོ་ཡི་བརྗོད་གཞི་ཆེན་པོ་གཉིས་མཐའ་འཁྱོངས། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱེད་པ་མཐའ་འཁྱོངས། སྲིད་དོན་ཇུས་འབུལ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་གྱི་ཕྱོགས་གཉིས་ནས་ནུས་ཤུགས་འདོན་རྒྱུ་མཐའ་འཁྱོངས། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་པར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
ཚེ་རིང་གིས་སྲིད་གྲོས་སྐབས་གཉིས་པའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སྒྲོན་གནང་བ་རེད།

