འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས26ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོ་འགོ་ཚུགས་ཤིང་། གྲོང་ཁྱེར་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་དང་ལེན་གྱིས་ཚོགས་འདུར་ཞུགས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་ངང་སྒྲུབ་འགོ་ཚུགས་པ་རེད།
ཁམས་པའི་རིག་གནས་འཁྲབ་སྟོན་འོས་སྦྱོར་ལྟེ་གནས་ཀྱི་རྣམ་པ་རྔམ་བརྗིད་ལྡན་ཞིང་། ཀྲུའུ་ཞི་སྡིངས་ཆའི་དབུས་སུ་རྒྱལ་རྟགས་མཐོན་པོར་བཀལ་བ་དང་གཞོགས་གཉིས་སུ་དར་དམར་བསྒྲིགས་ཡོད་པ་རེད།
ཀྲང་ལི་དང་། ཆིས་དབྱིང་ཧའེ། བློ་བཟང་ཡེ་ཤེས། ཀྲང་ཝུན་ཧྲེང་། སྒྲོལ་དཀར། བསོད་ནམས་དར་རྒྱས། ཡེ་ཤེས་ཆོས་འཕེལ། བློ་བཟང་རྒྱལ་མཚན། པད་མ་བཀྲ་ཤིས། མའོ་ཀང་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ཆིས་དབྱིང་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ལའོ་ཆིན་འུའུ་དང་། ཐང་ཧའོ། ལིས་ཧྲུའུ་གོ ཧོང་གོ་ཅན། ཉི་མ་ཚེ་རིང་། ཁྲེན་ཀང་། ཇ་ཤིན་ཡུས། གཤེ་ཝུན་ཀོང་། ཝུའེ་དབན་ནེང་། ཝུའུ་ཅན། ཝང་ཧྲི་ཡུས། ཅིན་རེན་ཧུའེ་བཅས་དང་དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དང་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྲུའུ་ཞི་སྡིངས་ཆར་བཞུགས་ཡོད་པ་རེད།
ཚོཌ་ཆེན་ལ་ཞུགས་དགོས་པའི་འཐུས་མི258ཡོད་པ་དང་། དངོས་སུ་ཞུགས་མཁན་འཐུས་མི240ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཙམ་ལ། ཆིས་དབྱིང་ཧའེ་ཡིས་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་ཚོགས་འདུ་ཐེངས་དང་པོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཞིང་། ཚོགས་ཞུགས་མི་སྣ་ཡོངས་ཡར་བཞེངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
ཚོགས་འདུའི་གྲོས་རིམ་གཞིར་བཟུང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་ཞིང་། སྙན་སྒྲོན་དེ་སྐབས་འདིའི་སྲིད་གཞུང་གི་ལས་དོན་ལ་ཕྱིར་མིག་ལྟ་བ་དང་། སླད་ཕྱིན་ལོ་ལྔའི་རིང་གི་འཕེལ་རྒྱས་ཀྱི་དམིགས་ཚད་དང་གཙོ་གནད་ལས་འགན། སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཁག་གསུམ་དུ་དབྱེ་ཡོད་པ་རེད།
ལའོ་ཆིན་འུའུ་ཡིས་སྙན་སྒྲོན་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག གྲོང་ཨུད་ཀྱི་སྤྱིའི་ལས་དོན་བཀོད་སྒྲིག་གི་བླང་བྱ་ལྟར། གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་དུས་རབས་ཀྱི་རིམས་ནད་དང་དཔལ་འབྱོར་གྱི་གནོན་ཤུགས་སོགས་ཚད་ལས་བརྒལ་བའི་རྡབ་རྡེག་དང་འགྲན་སློང་ལ་ཁ་གཏད་གཅོག་པར་དཀའ་གནད་འགག་སྒྲོལ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ“ཆབ་མདོའི་རྒྱུགས་ལན”ཡག་པོ་ཕུལ་ཡོད་ཅེས་བསྟན།
ལའོ་ཆིན་འུའུ་ཡིས་ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། སྲིད་སྐྱོང་གི་རྨང་གཞི་བརྟན་པོ་བཟོས་པ། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་བྱུང་བ། མི་རིགས་མཐུན་སྒྲིལ་མི་ཀུན་གྱི་སེམས་ལ་ཟུག་པ། དཔལ་འབྱོར་འཕེལ་རྒྱས་གསར་གཏོད་དང་ལེགས་བསྒྱུར་ཕྱིན་པ། ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་སོང་བ། སྐྱེ་ཁམས་སྲུང་ཡོལ་རྒྱུན་མཐུད་བརྟན་དུ་ཕྱིན་པ། བོད་ཤར་མཐོ་སྒང་གི་རི་སྔོ་ཞིང་ཆུ་དྭངས་ཡིན་པ། མཐའ་དར་མཐའ་བརྟན་དང་རྨང་བརྟན་གྱི་ནུས་པ་གསོག་འཇོག་བྱས་པ། གངས་ལྗོངས་མཐའ་མཚམས་བརྟན་ལྷིང་འཆམ་མཐུན་བྱུང་བ་བཅས་ཕྱོགས་ལྔའི་ཐད་ནས་སྐབས་འདིའི་སྲིད་གཞུང་གི་ལས་དོན་ལ་ཕྱོགས་སྡོམ་བྱས་པ་རེད། ཁོང་གིས་གྲུབ་འབྲས་དེ་དག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་སྒྱུར་ཕྱོགས་སྟོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལས་བྱུང་བ་དང་། དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་གཅིག་ཏུ་དོན་འཁྱོལ་བྱས་པའི་འབྲས་བུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆབ་མདོར“གཏོད་དགོས་པ་གསུམ”གྱི་སྤྱིའི་ངེས་གནས་གསལ་སྟོན་བྱས་ཏེ་ཆབ་མདོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་སྟོན་དང་། ལག་ལེན་གྱི་ཐབས་ལམ་གསལ་སྟོན །སྲིད་ཇུས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རོགས་བྱས་པའི་འབྲས་བུ། གྲོང་ཨུད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་བར་གསུམ་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་འགན་འཁྲི་གཙང་སྒྲུབ་དང་རྒྱུན་མཐུད་འབད་འཐབ་བྱས་པའི་འབྲས་བུ། སྐབས་རིམ་བྱུང་གི་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་གིས་འཆར་གཞི་ལག་བསྟར་མཐའ་གཅིག་ཏུ་མཐའ་འཁྱོངས་བྱེད་པ་དང་། ལས་དོན་གཅིག་རྗེས་གཉིས་མཐུད་ངང་སྒྲུབ་པའི་འབྲས་བུ་བཅས་ཡིན་ལ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས། ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ཀྱིས་བློ་ཁ་གཅིག་གཏད་དང་གསར་འབྱེད་ཡར་བརྩོན་བྱས་པ་དང་ཁ་འབྲལ་ཐབས་མེད་ལ། ཆབ་མདོར་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད་ཅེས་གསུངས་པ་རེད།
ལའོ་ཆིན་འུའུ་ཡིས་སྙན་སྒྲོན་ནང་། སླད་ཕྱིན་ལོ་ལྔའི་རིང་གི་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་ཧུར་ཐག་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བཟུང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས།“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བཅས་བྱས་ཏེ།“དོན་ཆེན་བཞིར”དམ་པོར་དམིགས་པ་དང་།“འཛུགས་གཏོད་བཞིར”ཤུགས་རྒྱག་པ། “གཏོད་དགོས་པ་གསུམ”གྱི་སྤྱིའི་ངེས་གནས་གཞི་རྩ་འཛིན་པ།“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བ།“ལྔ་ལྡན་ཆབ་མདོ”གཏོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་བཀོད་སྒྲིག་ཁག་ལ་དམ་པོར་དམིགས་ཏེ།“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་གཞི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ། དཔལ་འབྱོར་སྤུས་ཚད་མཐོ་པོའི་འཕེལ་རྒྱས་གཏོང་རྒྱུ། ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་ཆགས་པར་བྱ་རྒྱུ། ཐོན་ལས་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་བྱ་རྒྱུ། ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར་སྒོར་དུང་ཕྱུར600 ལྷག་བརྒལ་རྒྱུ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་ཚད་གསར་པ་སླེབས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་7%ཙམ་དང་8%ཙམ་སོ་སོར་འཕར་བ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཀ་ཤོར་ཚད་5% ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ། དཔལ་འབྱོར་སྟོན་གྲངས་གཙོ་བོའི་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེ་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་རྩོམ་དགོས་ཅེས་བསྟན།
ལའོ་ཆིན་འུའུ་ཡིས་སྙན་སྒྲོན་ནང་གསུངས་དོན། ད་ལོ་ཕྱོགས་བརྒྱད་ཀྱི་ལས་དོན་གཙོ་གནད་ཐོག་དམ་འཛིན་བྱ་རྒྱུ་ཡིན་པ་སྟེ། གཅིག་ནི་བཅོས་སྐྱོང་ལ་བརྟེན་ནས་བརྟན་ལྷིང་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ་བརྟན་ལྷིང་མཐུན་སྒྲིལ་གྱི་རྣམ་པ་གསར་པ་མངོན་པ་བྱེད་དགོས། གཉིས་ནི་ནང་མཁོ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ས་ཁོངས་འཕེལ་རྒྱས་ཀྱི་ངོ་བོ་ལེགས་སུ་གཏོང་དགོས། གསུམ་ནི་འབྲེལ་བ་ཤུགས་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དེང་རབས་ཐོན་ལས་ཀྱི་མ་ལག་གསར་པ་གཏོད་དགོས། བཞི་ནི་གཅིག་གྱུར་སྐུལ་འདེད་མཐའ་འཁྱོངས་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་མ་དཔེ་གསར་པ་གཏོད་དགོས། ལྔ་ནི་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྱུར་བཅོས་སྒོ་དབྱེའི་གསོན་ཤུགས་གསར་པ་འདོན་དགོས། དྲུག་ནི་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་འཚོ་བདེ་སྐྱིད་ཀྱི་དཔེ་རིས་གསར་པ་བཐཙམ་དགོས། བདུན་ནི་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏིང་ཟབ་གཏོད་དགོས། བརྒྱད་ནི་མཐའ་དར་དམངས་ཕྱུག་མཐའ་འཁྱོངས་བྱས་ནས་མཐའ་སྲུང་སྲ་བརྟན་དང་འགོག་སྲུང་གི་རྨང་རྡོ་གསར་པ་བརྟན་པོ་འདིང་དགོས་ཞེས་བསྟན།
ལའོ་ཆིན་འུའུ་ཡིས་སྙན་སྒྲོན་ནང་དངོས་སྒྲུབ་བྱས་ན་རྒྱལ་ཁབ་དར་རྒྱས་གཏོང་ཐུབ་པ་དང་འགན་འཁྲི་ལེགས་སྒྲུབ་བྱ་རྒྱུ་ནི་གལ་འགངས་ཆེ་ཤོས་ཡིན་པས། ང་ཚོས་ནུས་ཤུགས་ཡོད་རྒུས་ཁྲིམས་སྐྱོང་སྲིད་གཞུང་དང་། གསར་གཏོད་སྲིད་གཞུང་། ཞབས་ཞུ་རྣམ་པའི་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་བཅས་གཏོད་རྒྱུ་དང་། ཆབ་མདོར་ལྷག་བསམ་རྣམ་དག་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་རྩོམ་གང་ཐུབ་བྱ་རྒྱུ་ཡིན་ཞེས་བསྟན།
ལའོ་ཆིན་འུའུ་ཡིས་སྙན་སྒྲོན་གྱི་མཇུག་ཏུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་ང་ཚོས་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དེ་བཞིན་གྲོང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བབ་བསྟུན་འཕྲལ་སྒྲུབ་དང་དམ་འཛིན་ཏན་ཏིག་བྱེད་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཞེས་འབོད་སྐུལ་གནང་བ་རེད།

