国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257

  • 日
    历
  • 上
    一
    期
  • 下
    一
    期
2026年09月23日

ཀྲང་ལི་སོགས་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ཆབ་མདོ་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པར་ཞུགས་པའི་འཐུས་མིར་གཟིགས་པ་དང་འཚམས་འདྲི་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9ཚེས21ཉིན་གྱི་ཕྱི་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་འཐུས་མི་ཚོགས་པ་ཁག་ཏུ་ཕེབས་ཏེ། ཚོགས་འདུར་ཞུགས་པའི་ཏང་གི་འཐུས་མིར་གཟིགས་པ་དང་འཚམས་འདྲི་ཞུས་པ་དང་། ཚང་མར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་པའི་པའི་ཁར། འཐུས་མི་ཡོངས་ཀྱིས་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། འགན་འཁྲི་གཙང་སྒྲུབ། བློ་སེམས་གཅིག་སྒྲིལ་གྱིས་ཐེངས་འདིའི་ཏང་གི་འཐུས་མི་ཚོགས་ཆེན་ཡག་པོ་འཚོགས་རྒྱུའི་སྐུལ་ལྕག་བཏང་ཡོད།

འཐུས་མི་ཚོགས་པ་ཁག་ཏུ། ཀྲང་ལི་ཡིས་འཐབ་ཕྱོགས་ཁག་དང་ཁྱབ་ཁོངས་ཁག་ནས་ཡོང་བའི་ཏང་གི་འཐུས་མི་ཚོ་དང་སྤེལ་རེས་གཏིང་ཟབ་བྱས་ཏེ།

ཟས་སྡོད་དང་ཚོགས་དོན་ཞབས་ཞུ་འགན་ལེན་དོན་འཁྱོལ་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བའི་ཁར། འཐུས་མི་ཚོས་འཐབ་ས་གཞི་ཚུགས་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་གཞི་རིམ་བཅོས་སྐྱོང་།དམངས་འཚོ་ལེགས་གཏོང་སོགས་ཀྱི་ལས་དོན་འབད་བརྩོན་ཧུར་ཐག་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཚོགས་དོན་ཞབས་ཞུ་ཚོགས་ཆུང་གིས་ལ་ཞབས་ཞུའི་སྤུས་ཚད་ལེགས་བཅོས་དང་ཆེ་རུ་གཏོང་དགོས་པ་དང་། རེ་ཞུ་ལ་དུས་ཐོག་ཏུ་ལན་འདེབས་པའི་འགན་སྲུང་ལས་དོན་ཞིབ་ཕྲ་དང་ཏན་ཏིག་གིས་བསྒྲུབ་ནས་ཚོགས་ཆེན་ཐུགས་གྲ་འགྲིག་པོའི་ངང་འཚོགས་ཐུབ་པར་ཞབས་ཞུ་དང་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་རྒྱུའི་རེ་བ་བཏོན་ཡོད་པ་རེད།

ཀྲང་ལི་ཡིས་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་འཚོགས་རྒྱུ་ནི་གྲོང་ཁྱེར་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། ཚོགས་ཆེན་གྱིས་ཕྱོགས་ཡོངས་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་འཚོགས་ཚུན་གྱི་ལས་དོན་ལ་ཕྱོགས་སྡོམ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འབྱུང་འགྱུར་ལོ་ལྔའི་རིང་གི་འཕེལ་རྒྱས་ཀྱི་འཆར་འགོད་ལ་ཇུས་འགོད་བྱས་ཏེ། སྐབས་གསར་པའི་གྲོང་ཨུད་དང་གྲོང་ཁྱེར་སྒྲིག་ཨུད་ཚན་ཁག་འདེམས་བསྐོ་བྱ་རྒྱུ་རེད། ད་ཐེངས་ཀྱི་ཚོགས་ཆེན་ཡག་པོ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་བྱས་ནས་བསམ་བློ་སྔར་བས་གཅིག་གྱུར་དང་།ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ།སྟོབས་ཤུགས་གཅིག་སྒྲིལ་བཅས་ཀྱི་ཐོག་ནས་ཀྲུང་གོ་ལུགས་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་ཞིག་བརྩམ་རྒྱུ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ཅེས་གསུངས་ཡོད།

ཀྲང་ལི་ཡིས་འཐུས་མི་ཁག་ནི་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་དཔྱད་འདེམས་བྱས་པ་ལས་བདམས་ཐོན་བྱུང་བའི་ཕུལ་བྱུང་གི་འཐུས་མི་ཡིན་པ་དང་།ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྐང་འཛིན་སྟོབས་ཤུགས་ཤིག་ཡིན་ལ།གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ཚོའི་མངགས་བཅོལ་ཟབ་མོ་འཁུར་མཁན་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་འཁུར་མཁན་བཅས་ཡིན་པས་འགན་འཁྲི་གཟི་བརྗིད་ལྡན་ལ་ལས་འགན་ལྕི་པོ་ཡོད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་།རང་འགུལ་གྱིས་“གཏན་འཁེལ་གཉིས་”ལ་བརྩི་བཀུར་དང་སེམས་ཐག་གཙང་བཅད་ཀྱིས་“སྲུང་སྐྱོང་གཉིས་”ཐུབ་པར་བྱེད་ཅིང་། ནན་ཏན་གྱིས་རང་འགན་གཙང་སྒྲུབ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ། སེམས་ཤུགས་ཡོད་རྒུ་བཏོན་ནས་ཚོགས་ཆེན་གྱི་གྲོས་རིམ་ཁག་ལ་ཞུགས་ཏེ། ཚོགས་ཆེན་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད།

ཀྲང་ལི་ཡིས་འཐུས་མི་ཚོས་ཚོགས་འདུའི་བཀོད་སྒྲིག་ལྟར། ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་སྒྲོན་ཁག་ལ་གྲོས་ཞིབ་ཡག་པོ་བྱེད་པ་དང་།འགོ་ཁྲིད་ཚན་ཁག་གསར་པ་འདེམས་བསྐོ་ཡག་པོ་བྱས་ཏེ་ཆབ་མདོའི་མ་འོང་འཕེལ་རྒྱས་ཀྱི་འཆར་གཞི་མཉམ་དུ་བརྩམ་འབྲི་ཡག་པོ་བྱེད་དགོས་པ་དང་། ཏང་ཡོན་མང་ཚོགས་དང་འབྲེལ་བ་བྱེད་ཅིང་ཞབས་འདེགས་ཞུ་བའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་ནས། གཞི་རིམ་གྱི་འདོད་ཚུལ་ཡག་པོ་བཤད་པ་དང་། ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱེད་དགོས། སྐབས་བརྗེའི་སྒྲིག་ཁྲིམས་ཀྱི“གཏན་འགོག་བཅུ”ཡི་བླང་བྱ་ལག་བསྟར་ནན་པོ་བྱས་ཏེ། ཚོགས་འདུའི་ལམ་ལུགས་ཁག་ལ་བརྩི་སྲུང་ཞུ་བའི་སྣེ་ཁྲིད་ཀྱིས་རྣམ་པ་ཡག་པོ་དང་།སྤྱོད་ཚུལ་བཟང་པོ།སྒྲིག་ཁྲིམས་ལེགས་པོ་བཅས་ཀྱི་ཐོག་ནས་ཚོགས་ཆེན་རྒྱལ་ཁའི་ངང་འཚོག་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

འཐུས་མི་ཚོར་སྐུལ་མ་ཆེན་པོ་ཐེབས་པ་དང་སྙིང་སྟོབས་ཆེན་པོ་འཕེལ་བ་རེད། མི་ཚང་མས་གཅིག་རྗེས་གཉིས་མཐུད་ངང་མངགས་བཅོལ་ཟབ་མོ་དང་། འགན་འཁྲི་ཆུད་ཟོས་སུ་མི་གཏོང་བར་ཚོགས་ཆེན་གྱི་སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་བྱེད་པ་དང་། གཞི་རིམ་གྱི་རེ་འབོད་མཚོན་པར་བྱེད་ཅིང་།འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱེད་པ་དང་།དམངས་གཙོའི་དབང་ཆ་ཡང་དག་སྤྱོད་པ།ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཚོགས་ཆེན་གྱི་ལས་འགན་ཁག་ལེགས་སྒྲུབ་བྱེད་པ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཆུད་ཟོས་སུ་མི་གཏོང་བ་བྱེད་དགོས་ཞེས་བཤད་པ་རེད།