国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年09月18日

《སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》གི་རྒྱུན་ཤེས་དྲིས་ལན་ཆིག་བརྒྱ་བ།

【1】《སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》གི་ཁྲིམས་འཛུགས་དམིགས་ཡུལ་ནི་ཅི་ཞིག་ཡིན།

《སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང》གི་དོན་ཚན1པོའི་གཏན་འཁེལ་ལྟར་ན།“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། སྦགས་བཙོག་དང་གཞན་པའི་སྤྱིའི་གནོད་པ་འགོག་བཅོས་བྱེད་ཅིང་། སྤྱི་དམངས་ཀྱི་བདེ་ཐང་དང་སྐྱེ་ཁམས་ཁོར་ཡུག་གི་ཁེ་དབང་འགན་སྲུང་། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། ཀྲུང་ཧྭ་མི་རིགས་ཡུན་རིང་འཕེལ་རྒྱས་ཡོང་བ་བཅས་ཀྱི་ཆེད་དུ་རྩ་ཁྲིམས་གཞིར་བཟུང་སྟེ་བཅའ་ཁྲིམས་འདི་གཏན་ལ་ཕབ་པ་ཡིན”ཞེས་བཀོད་ཡོད།

【2】སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་དྲིལ་སྒྲོག་སློབ་གསོ་ཇི་ལྟར་མངོན་འགྱུར་བྱ་དགོས།

《སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》གི་དོན་ཚན12པ་དང་། 13པ། 15པའི་གཏན་འཁེལ་ལྟར་ན། “ལོ་རེའི་ཟླ8པའི་ཚེས15ཉིན་ནི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་ཡིན། རྒྱལ་ཁབ་ཀྱིས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་གྱི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ་དགོས།མི་དམངས་སྲིད་གཞུང་རིམ་པ་སོ་སོ་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དྲིལ་བསྒྲགས་དང་ཁྱབ་གདལ་བྱ་བར་ཤུགས་སྣོན་པ་དང་། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སྤེལ་བ། སྐྱེ་ཁམས་རིག་གནས་དར་སྤེལ་གཏོང་བ། མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་བྱང་ཚད་ཆེ་རུ་གཏང་དགོས།སློབ་གསོའི་སྲིད་འཛིན་སྡེ་ཁག་དང་སློབ་གྲྭས་སྐྱེ་ཁམས་ཁོར་ཡུག་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཤེས་བྱ་སློབ་གྲྭའི་སློབ་གསོའི་ཁྲོད་བླངས་ནས་སློབ་མའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་དང་ཁྲིམས་སྐྱོང་བྱང་ཚད་གསོ་སྐྱོང་བྱ་དགོས། གསར་འགྱུར་སྨྱན་སྦྱོར་གྱིས་སྐྱེ་ཁམས་ཁོར་ཡུག་བཅའ་ཁྲིམས་ཁྲིམས་སྲོལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཤེས་བྱ་དྲིལ་སྒྲོག་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ཁྲིམས་འགལ་བྱ་སྤྱོད་ལ་གླེང་ཕྱོགས་ལྟ་སྐུལ་བྱ་དགོས། རྒྱལ་ཁབ་ཀྱིས་གཞི་རིམ་མང་ཚོགས་ཀྱི་རང་བཞིན་ལྡན་པའི་རང་སྐྱོང་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བླངས་པ་སོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་བཅའ་ཁྲིམས་ཁྲིམས་སྲོལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཁྲོད་གྲུབ་འབྲས་མངོན་གསལ་དོད་པོ་བཞག་པའི་ལས་ཁུངས་དང་། མི་སྒེར་ལ་རྒྱལ་ཁབ་ཀྱི་གཏན་འཁེལ་ལྟར་གཟེངས་བསྟོད་དང་བྱ་དགའ་སྟེར་རྒྱུ”ཞེས་བཀོད་ཡོད།

【3】ཇི་ལྟར་རྒྱལ་ཁབ་སྤྱི་གླིང་སོགས་སྤྱད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མངོན་འགྱུར་བྱ་དགོས།

《རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས》ཀྱི་དོན་ཚན3པ་དང25པའི་གཏན་འཁེལ་ལྟར་ན། “རྒྱལ་ཁབ་ཀྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་བཙུགས་ཏེ། རང་བྱུང་སྐྱེ་ཁམས་མ་ལག་ཆེས་གལ་ཆེ་བ་དང་། རང་བྱུང་ཡུལ་ལྗོངས་ཆེས་ཐུན་མོང་མ་ཡིན་པ། རང་བྱུང་ཤུལ་བཞག་ལ་ཆེས་ཉིང་བཅུད་ལྡན་པ། སྐྱེ་དངོས་སྣ་མང་རང་བཞིན་གྱི་ཆེས་ཕུན་སུམ་ཚོགས་པའི་རང་བྱུང་སྐྱེ་ཁམས་བར་སྟོང་རྒྱལ་ཁབ་སྤྱི་གླིང་ནང་བླངས་ནས་སྲུང་སྐྱོབ་ནན་མོ་བྱ་དགོས། རྒྱལ་ཁབ་སྤྱི་གླིང་དོ་དམ་ལས་ཁུངས་ཀྱིས་རྒྱལ་ཁབ་སྤྱི་གླིང་ཡོད་སའི་ས་གནས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ། རྒྱལ་ཁབ་སྤྱི་གླིང་ས་ཁོངས་ནང་གི་རིགས་སོ་སོའི་རང་བྱུང་སྐྱེ་ཁམས་མ་ལག་དང་། རི་སྐྱེས་སྐྱེ་དངོས་དང་རྒྱུད་འཛིན་ཐོན་ཁུངས། རང་བྱུང་རྗེས་ཤུལ། རང་བྱུང་མཛེས་ལྗོངས་སོགས་དམིགས་བསལ་སྲུང་སྐྱོབ་བྱ་ཡུལ་ལ་རིགས་དབྱེ་ནས་སྲུང་སྐྱོབ་དང་། དོ་དམ་གྱི་དམིགས་ཚད་བཟོས་ཏེ་ཆེད་དོན་སྲུང་སྐྱོབ་བྱ་དགོས། རྒྱལ་ཁབ་སྤྱི་གླིང་ཡོད་སའི་ས་གནས་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་སྤྱི་གླིང་དོ་དམ་ལས་ཁུངས་ཀྱིས་མཐུན་སྦྱོར་སྲུང་སྐྱོབ་ལམ་ལུགས་བཙུགས་ནས། རྒྱལ་ཁབ་སྤྱི་གླིང་ས་ཁོངས་ནང་གི་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་གཅིག་གྱུར་འཆར་འགོད་བྱ་དགོས”ཞེས་བཀོད་ཡོད།《སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》གི་དོན་ཚན43པའི་གཏན་འཁེལ་ལྟར་ན། “རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་སྤྱི་གླིང་གཙོར་འཛིན་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞིར་འཛིན་པ། རང་བྱུང་སྤྱི་གླིང་སོ་སོ་ཁ་གསབ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་བྱས་ཏེ། སྐྱེ་ཁམས་མ་ལག་གལ་ཆེན་དང་རང་བྱུང་རྗེས་ཤུལ། རང་བྱུང་ཡུལ་ལྗོངས། སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་མ་ལག་རང་བཞིན་གྱི་སྲུང་སྐྱོང་ཐོབ་པར་ཁག་ཐེག་བྱ་དགོས”ཞེས་བཀོད་ཡོད།

【4】སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་དོ་དམ་མངོན་འགྱུར་བྱ་ཆེད། རྒྱལ་ཁབ་ཀྱིས་བྱ་བའི་ལམ་སྲོལ་གང་དག་ལག་བསྟར་བྱ་དགོས།

《སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》གི་དོན་ཚན18ནས23པའི་བར་གྱི་གཏན་འཁེལ་ལྟར་ན། “རྒྱལ་ཁབ་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲིའི་རྩིས་ཐོའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་གནས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་གསལ་པོར་གཏན་ལ་ཕབ་དགོས། ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཤང་བཅས་ཀྱིས་ཁྲིམས་ལྟར་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས། ནགས་དཔོན་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏང་དགོས། རིམ་པ་སོ་སོའི་ཆུ་དཔོན་དང་མཚོ་དཔོན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ཆུ་བོ་དང་མཚེའུ་དོ་དམ་དང་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བྱ་བའི་འགན་འཁུར་རྒྱུ། རིམ་པ་སོ་སོའི་ནགས་དཔོན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བའི་འབྲེལ་ཡོད་བྱ་བའི་འགན་འཁུར་རྒྱུ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་དགོས་མཁོ་དངོས་ལ་གཞིགས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་མཐུན་སྦྱོར་སྒོས་མཉམ་འགུལ་ལམ་སྲོལ་བཙུགས་ནས་སྡེ་ཁག་གི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ཏེ། སྲིད་འཛིན་ས་ཁོངས་དེ་གའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྐུལ་འདེད་གཏང་དགོས། རྒྱལ་ཁབ་ཀྱིས་སྲིད་འཛིན་ས་ཁོངས་ལས་བརྒལ་བའི་གཙོ་གནད་ས་ཁོངས་དང་། འབབ་རྒྱུད། མཚོ་ཁོངས་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་མཉམ་འབྲེལ་སྲུང་སྐྱོབ་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གཅིག་གྱུར་གྱི་འཆར་འགོད་དང་། གཅིག་གྱུར་གྱི་ཚད་གཞི། གཅིག་གྱུར་གྱི་ལྟ་ཞིབ་ཚད་ལེན། གཅིག་གྱུར་གྱི་སྲུང་སྐྱོབ་བྱེད་ཐབས་བཅས་ལག་བསྟར་བྱ་རྒྱུ། གོང་གསལ་གཏན་འཁེལ་ཕུད་པའི་སྲིད་འཛིན་ས་ཁོངས་ལས་བརྒལ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ། གོང་རིམ་མི་དམངས་སྲིད་གཞུང་གིས་མཐུན་སྦྱོར་བྱས་ནས་ཐག་གཅོད་པའམ་འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་གྲོས་མོལ་བྱས་ནས་ཐག་གཅད་དགོས། རྒྱལ་ཁབ་ཀྱིས་སྐྱེ་ཁམས་བདེ་འཇགས་བྱ་བའི་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་སྐྱེ་ཁམས་བདེ་འཇགས་ཀྱི་ཉེན་ཁ་ཞིབ་འཇུག་དང་བརྡར་གཅོད། དཔྱད་དཔོག ལྟ་ཞིབ་ཚད་ལེན་དང་སྔོན་བརྡ། འཕྲལ་སྡོམ་ཁ་གཏད་གཅོག་པ། ཐག་གཅོད་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། ཁྱབ་ཁོངས་ཡོངས་མཉམ་འགུལ་དང་ལངས་གཟུགས་ནུས་ལྡན་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་སྲུང་མ་ལག་གྲུབ་པར་བྱས་ནས། སྐྱེ་ཁམས་བདེ་འཇགས་བྱ་བ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏང་དགོས།རྒྱལ་ཁབ་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཆ་འཕྲིན་མཉམ་སྤྱོད་བྱེད་ནུས་ཆེ་རུ་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་གི་ཆ་འཕྲིན་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏང་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་གི་ཆ་འཕྲིན་མཉམ་སྤྱོད་སྟེགས་བུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་དུས་ཐོག་ཏུ་སྐྱེ་ཁམས་ཁོར་ཡུག་གི་ཆ་འཕྲིན་བསྐུར་བ་དང་འགུལ་རྣམ་གསར་པ་བརྗེ་དགོས”ཞེས་བཀོད་ཡོད།

【5】སྐྱེ་ཁམས་ཁོར་ཡུག་གི་གོ་དོན་ནི་ཅི་ཞིག་ཡིན།

《སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》གི་དོན་ཚན2པའི་གཏན་འཁེལ་ལྟར་ན། “སྐྱེ་ཁམས་ཁོར་ཡུག་ཞེས་པ་ནི་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས། སྐྱེ་ཁམས་མ་ལག་གི་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་པའི་རང་བྱུང་དང་མིས་བཟོས་བསྒྱུར་བཀོད་བྱས་པའི་རང་བྱུང་བར་སྟོང་སྣ་ཚོགས་དང་། རང་བྱུང་རྒྱུ་རྐྱེན། ཕན་ཚུན་འབྲེལ་བ་དང་བྱེད་ནུས་ཀྱི་སྤྱི་ཡོངས་ལ་ཟེར། དེར་ནང་གསེས་སུ་རླུང་ཁམས་ཆེན་པོ་དང་། ཆུ། རྒྱ་མཚོ། ས་གཞི། གཏེར་ཁ། ནགས་ཚལ། རི་རྒྱུད། རྩྭ་ཐང་། འདམ་ར། འཁྱགས་ཀླུང་། མཐོ་སྒང་། བྱེ་ཐང་། རི་སྐྱེས་སྐྱེ་དངོས། རང་བྱུང་རྗེས་ཤུལ། མི་ཆོས་རྗེས་ཤུལ། རང་བྱུང་སྲུང་སྐྱོབ་ཁུལ། གྲོང་ཁྱེར་དང་གྲོང་གསེབ་སོགས་འདུས་ཡོད”ཅེས་བཀོད་ཡོད།

【6】ཞིང་ལས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་ཇི་ལྟར་བྱ་དགོས།

《སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》གི་དོན་ཚན46པའི་གཏན་འཁེལ་ལྟར་ན། “རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ཞིང་ལས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལག་རྩལ་གསར་པ་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏང་དགོས་ཤིང་། ཞིང་ལས་སྦགས་བཙོག་འབྱུང་ཁུངས་ལ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་སྡེ་ཁག་སོ་སོས་གཅིག་གྱུར་གྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ་ས་རྒྱུ་སྦགས་བཙོག་དང་ས་ཞིང་བྱེ་འགྱུར། སྐྱུར་འགྱུར། ཚྭ་འགྱུར། ཞན་འགྱུར། བྱེ་རྡོ་ཅན་དུ་འགྱུར་བ། ས་ངོས་རྡིབ་པ། སྔོ་ཁེབས་གཏོར་བརླག་དང་ས་ཆུ་ཤོར་བ། ཆུ་ཁུངས་ཟད་པ། ས་བོན་འབྱུང་ཁུངས་རྩ་མེད་དུ་འགྲོ་བ། ཕྱི་ནས་ཡོང་བའི་སྐྱེ་དངོས་རིགས་བཙན་འཛུལ་བྱེད་པ་སོགས་སྐྱེ་ཁམས་དོ་མཉམ་མིན་པའི་སྣང་ཚུལ་འགོག་བཅོས་དང་། རྩི་ཤིང་གི་ནད་འབུའི་གནོད་འཚེ་ཕྱོགས་བསྡུས་འགོག་བཅོས་ཁྱབ་སྤེལ་དུ་གཏང་དགོས།རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤྱིའི་ཞབས་ཕྱིའི་ཆུ་ཚད་མཐོ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་སྡོད་གནས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བྱ་དགོས”ཞེས་བཀོད་ཡོད། (མུ་འགོད)